h3. Praise for འཇམ་དབྱངས་རྣམ་རྒྱལ། (1936–2010)
སྐྱེས་མཆོག་འཇམ་དབྱངས་རྣམ་རྒྱལ་རྗེས་སུ་དྲན་པའི་ཚིགས་ཀྱི་ཆུན་པོ།
༡) རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། ། འཇམ་དཔལ་དབྱངས་ལ་ཕྱག་བྱས་ནས། ། བདག་གཞན་མ་རིག་མུན་པ་ལས། ། རྣམ་པར་རྒྱལ་ཕྱིར་འདིར་འཇུག་བྱ། །
༢) འདི་ན་རྒྱལ་བའི་བཀའ་དང་ལུང་། ། འཕགས་བོད་མཁས་གྲུབ་གྲངས་མེད་པའི། ། མཐའ་ཡས་གསུང་རབ་སྒྱུ་སྐར་ཚོགས། ། སྒྱུ་འཕྲུལ་མཁའ་ཡི་ངོས་སུ་འཆར། །
༣) ཨེ་མའོ་དཔག་མེད་ངོ་མཚར་གྱི། ། འཕྲུལ་གྱི་བཀོད་པ་འབྱམས་ཀླས་པ། ། རྣམ་པར་སྤྲུལ་པའི་བྱེད་པ་པོ། ། སྐྱེས་མཆོག་འཇམ་དབྱངས་རྣམ་རྒྱལ་བསྟོད། །
༤) སྔོན་གྱི་ཐུབ་པའི་སྐྱེས་རབས་སུ། ། དམ་ཆོས་ཚིགས་སུ་བཅད་ཕྱིར་ཡང། ། ལུས་སྲོག་ལོངས་སྤྱོད་ཡོངས་བཏང་བའི། ། བྱ་དཀའི་སྤྱོད་པ་རྒྱ་མཚོ་སྤྱད། །
༥) དེང་འདིར་ངོ་མཚར་འཕྲུལ་གྱི་གཞིར། ། མ་ལུས་རྒྱལ་བའི་བཀའ་དང་བསྟན། ། མཐའ་ཡས་གསུང་རབ་བྱེ་བ་ཕྲག ། ཅིག་ཅར་འཆར་བ་འདི་ཀོ་རྨད། །
༧) སྲིད་པའི་འཕྲུལ་གྱི་མེ་ལོང་ངོས། ། སྣ་ཚོགས་ཆོས་ཀྱི་སྣང་བརྙན་འབུམ། ། མངོན་པར་འདུ་བའི་བྱེད་པོ་ནི། ། བསྔགས་འོས་བསྔགས་ཤིང་དྲིན་ཡང་དྲན། །
༨) ཆོས་ཀྱི་སྤྲིན་ཆེན་ལས་འབྱུང་བའི། ། བྱིན་བརླབས་སྦྲང་ཆར་ཟིམ་བུ་ཡིས། ། ཡིད་ལ་སིམ་པའི་དཔལ་བསྐྱེད་ཅིང་། ། ཀུན་རྨོངས་སྲིད་པའི་གདུང་བ་སེལ། །
༩) བསྐལ་མང་རྙེད་དཀའི་ཐུབ་པའི་ཆོས། ། རྣམ་མང་དཀའ་བས་རབ་བསྒྲུབས་ཏེ། ། གྲངས་མང་འགྲོ་ལ་སྨན་པའི་ཕྱིར། ། ཐབས་མང་འཕྲུལ་གྱིས་སྤེལ་ལ་བསྟོད། །
༡༠) གྲངས་མེད་བསྐལ་པ་བྱེ་བ་རུ། ། བཟོད་མེད་དཀའ་བས་བཙལ་གྱུར་བའི། ། ཟླ་མེད་གསུང་རབ་འབུམ་ཕྲག་ཀྱང་། ། འབད་མེད་ཅི་དགར་མཇལ་འདིས་ཚེངས། །
༡༡) གང་གི་ཐུགས་བསྐྱེད་ལས་འཁྲུངས་པ། ། ངོ་མཚར་ཆོས་ཀྱི་གཏེར་མཛོད་ལས། ། འཛད་མེད་འཕྲུལ་གྱི་ཆོས་སྦྱིན་ནི། ། སྲིད་པ་མཐར་བྱས་དེ་སྲིད་སྤེལ། །
༡༢) བོད་ཀྱི་བརྡ་རུ་ལེགས་བསྒྱུར་བའི། ། སྙིང་པོ་ནང་གི་དོན་བསྟན་པ། ། མཐའ་དག་གསུང་རབ་དཔེ་ཚོགས་ཀྱི། ། ལྟེ་གནས་འདི་ཡང་རྒྱལ་གྱུར་ཅིག །
༡༣) སྐྱེས་བུ་མཆོག་དེའི་དགོངས་པ་ཆེ། ། མ་ལུས་ལྷུན་གྱིས་གྲུབ་པ་དང་། ། དེ་ཡི་སྲི་ཞུར་གཏོགས་ཀུན་ཀྱང་། ། ཤིན་ཏུ་ཤིས་པ་ཉིད་གྱུར་ཅིག །
ཅེས་པ་འདི་ནི་སྐྱེས་མཆོག་དམ་པ་དེ་ཉིད་ཀྱི་འཕྲིན་ལས་ལ་སྙིང་ནས་གུས་ཤིང་། རྗེས་སུ་ཡི་རང་བ་ཁྱད་པར་ཅན་བྱུང་བ་བརྟེན་རྗེས་དྲན་ལོ་མཆོད་འབུལ་བའི་དུས་དང་བསྟུན་ཏེ་རང་གི་ཡིད་འདུན་མཚོན་པའི་ཕྱིར་གོང་དཀར་བ་བློ་གསལ་དོན་གྲུབ་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་བ་ ༡༢ ཚེས་ ༢༣ དགེ་བར་ཕྱག་བཅས་ཕུལ། །