R1100: དཔལ་དུས་ཀྱི་འཁོར་ལོའི་རྩོད་ལན་གདུང་སེལ་ཀུ་མུ་དའི་དགའ་སྟོན། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༡༩ན
[A:༡༩ན]Carving Colophon, f. 19a1-7 །༄༅། །སྭསྟི༏ གང་ཡང་བསམ་འཕེལ་དབང་གི་རྒྱལ་པོ་དཔལ་ལྡན་དུས་ཀྱི་འཁོར་ལོ་ནི། །འཕགས་ཡུལ་གསུང་རབ་ཆུ་གཏེར་ཆེར་གནས་པཎ་གྲུབ་ཀླུ་དབང་གཙུག་ན་མཛེས། །བློ་གྲོས་ཡངས་པའི་གྲུ་རྫིངས་ལ་བརྟེན་སྒྱུར་བྱེད་དེད་དཔོན་མཆོག་རྣམས་ཀྱིས། །ལེགས་བླངས་འགྲོ་འདི་སྐལ་པ་བཟང་མཛད་སྐུ་བཞིའི་གནས་རེག་འདོད་དགུ་བསྩལ། །དེ་ལྟ་ན་ཡང་ཚོགས་བཤད་མཆིང་བུ་ལ །རིང་དུ་འདྲིས་པ་རྟོག་གེའི་མཁས་པ་ཡིས། ཁ་བརྩེའི་གནས་སུ་དཀྲི་བའི་ཕོ་ཉ་བཞིན། །འདི་ནི་སྐྱེད་རྡོའི་འོས་ཤེས་ཀུན་ཏུ་བསྒྲགས། །ཐ་སྙད་གཞུང་ལུགས་ཆ་ཀླུང་མང་བརྒལ་བས། །སྙེམས་པ་ཐོབ་ནས་སྤོབས་པའི་ཚོད་དཔོག་གིས། །འདི་ནི་གྱ་གྱུར་མི་འགྲོ་ཆུ་མིན་ཞེས། །སེམས་འགྲེལ་རྒྱ་མཚོ་ཆེ་ལ་འཕྱ་བ་མཚར། །སླད་དུ་པད་དཀར་ཐུགས་རྗེའི་རང་གཟུགས་ནི། །མཁས་པ་ཀུན་གྱི་རལ་པའི་རི་བོ་ལ། །ཞབས་སེལ་ཟླ་ཚེས་གསར་པ་འགོད་མཁས་པ། །ཆོས་ཀུན་དེ་ཉིད་གཟིགས་པ་གང་དེ་ཡིས། །ཐུགས་རྗེ་ཆེར་འཕེལ་ངན་འགྲོ་ལས་སྐྱོབ་ཕྱིར། །གང་ཞིག་དད་པའི་མཆོད་སྡོང་རྩེར་མཆོད་ན། །དངོས་གྲུབ་ཡིད་བཞིན་མྱུར་སྩོལ་འདི་ཉིད་ཅེས། །ལོག་རྟོག་སེལ་བྱེད་ལེགས་བཤད་གཏམ་གྱི་ཕུལ། །འཆི་མེད་མ་ལླིའི་དོག་པས་མཚོན་མིན་ཞིང། །ལྷོ་ཕྱོགས་རླུང་གི་ཁེངས་པའང་འཕྲོག་བྱེད་པ། །ཨེ་མ་སྙིང་གི་གདུང་སེལ་བདུད་རྩི་མཆོག །སྐལ་བཟང་རྣ་བའི་བཅུད་ལེན་སྦྱིན་པ་མཛད། །ཕྱི་ནས་རིན་ཆེན་ཆོས་ཀྱི་རྒྱལ་པོ་ཡིས། །ཕྱོགས་ཀྱི་རྣ་ལུང་བརྒྱན་ཕྱིར་འཕྲུལ་ཆེན་རྒྱའི། །བསྐྱེད་ཚལ་ལས་འོངས་ཡི་གེའི་ཨུ་ཊྤལ་ཕྲེང། །ཀུན་ལ་ཆར་བཞིན་འབབ་པ་འདི་བསྒྲུབས་སོ། །གང་འདིའི་ལེགས་བྱས་ཉི་འོད་གསར་པ་ཡིས། །རྣམ་རྒྱས་དུས་འཁོར་གསེར་གྱི་པདྨོའོ་རོས། །འགྲོ་མང་བུད་པ་ཚིམ་པའི་རྩེ་དགའ་ཅན། །ཐུབ་བསྟན་དབྱིད་ཀྱི་དཔལ་མོ་རྒྱས་གྱུར་ཅིག །ཡི་གེར་འགོད་མཁས་ལྷ་རྡོར་དང། བརྐོས་བྱེད་དར་པོ་དཔོན་སློབ་དང། སྦྱིན་དབང་དཔལ་འབྱོར་ཕུན་ཚོགས་རྣམས །དང་པོའི་སངས་རྒྱས་ཐོབ་གྱུར་ཅིག། ༎ །