R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • ཤོག་ལྷེ། (མ་དཔེ། A): ༡༩བ
[A:༡༩བ] གནང་བ་སོགས་འོག་ནས་ཀྱང་འབྱུང་བས། ད་དུང་སེམས་ཁྱོད་ནོར་ལ་རྐམ་མམ། ལེགས་པར་སེམས་ལ་སྦྱིན་པ་ཐོང་གསུང་ནས། གང་ལའང་ཆགས་པ་མེད་དོ། འགའ་ཞིག་ལ་མི་སྦྱིན་པར་མཐོང་བ་ནི། སྦྱིན་ན་སྐྱོན་ཡོད་པར་དགོངས་པ་ཡིན། ལས་དང་སྒྲིབ་དང་མངོན་གྱུར་དང། སོག་དང་གནོད་བྱེད་མཐོང་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ལས་ནི། སེམས་ཅན་ལོང་སྤྱོད་མི་ཐོབ་རྗོད། ཅེས་ཐོགས་མེད་ཀྱིས་གསུངས་པ་ལྟར་རོ། མདོ་ལས་བློ་གྲོས་ཡངས་པ་རྣམས་ལ་ནོར་མེད་དགེས་འགྱུར་ཏེ། དབུལ་གྱུར་ཉིད་ནི་བླ་ཡིས། སྡིག་སྤྱོད་དེ་ལྟ་མིན་ཅེས་པའོ། ལས་ལ་དབང་ཏེ། ཁམས་དང་ས་དང་སྐྱེ་གནས་དང། འགྲོ་བ་དང་གནས་སྐབས་གཞན་དུ་མྱོང་གྱུར་གྱི་ལས་གཞན་དུ་སྒྱུར་ནུས་པའི་ཕྱིར་ཏེ། དཔེར་མཚོན་ན་ཆིབས་པ་སིང་ནི་ཟེར་བས་ཡོད་པ་དེ་ཤི། ཁོའི་དྲིན་ལན་འཇལ་དགོས་གསུང་ནས། ཆོ་ག་མཛད་པས་ཞག་གསུམ་སོང་པ་ན། ཁོ་རང་བྱུང་ནས། དྲུང་ནས་བདག་ལ་ཐེགས་
བཅུ་
འཇིགས་པ་ལས་སྐྱོབས། ད་རྒན་རྒོན་གཉིས་ཀྱི་བུ་གྱིས་ཟེར་ན་ལགས། ཞར་བྱུང་ལ། དེ་ལ་མ་ཆགས་ངས་བསྟན་པའི་ལམ་འདི་ལ་སོང་གསུང་ནས། བཀའ་བཞིན་དུ་བསྒྲུབས་པས་ངན་སོང་ལས་ཐོན་པ་ཡིན། ད་ཆོ་ག་བྱེད་མི་དགོས་པར་འདུག་གསུང། གཞན་ཡང་གཤིན་ཆོག་མཛད་དུས། ཤི་བ་གསན་ཚད་ཀྱི་ཆོ་ག་མཛད་ལ། བར་དོའི་སེམས་ཅན་གཟིགས་པའི་ལོ་རྒྱུས་ཀྱང་ཡོད་དོ། སྐྱེ་བ་ལ་དབང་ཐོབ་པ་ཡིན་དེ། རང་དབང་གིས་བདེ་བ་ཅན་དུ་སྐྱེ་བར་ཞལ་གྱི་གཞེས་པའི་ཕྱིར། མོས་པ་ལ་དབང་སྟེ། སྐལ་པ་དང་ལྡན་པའི་གདུལ་བྱ་ལ། སྐུའི་རྣམ་པ་དུ་མ་སྟོན་ནུས་པའི་ཕྱིར། དེ་ཡང་ཆོས་ཀྱི་རྗེ་བྱང་ཆུབ་རྡོ་རྗེ་བས། དུས་འཁོར་གྱི་དབང་ཞུས་དུས། དུས་འཁོར་ལྷན་སྐྱེས་སུ་གཟིགས་པ་དང། སློབ་དཔོན་ཆོས་རྒྱལ་བས་ཀྱེའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པར་གཟིགས་པ་དང། སྟོན་པ་བསམ་བཟངས་ཤེས་ཀྱི་གཤེས་དམར་ལྷ་ལྔ་མར་གཟིགས་པ་དང། དཀར་པོ་རྡོ་དར་བྱ་བ་ལ་གདོན་གྱི་