R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • ཤོག་ལྷེ། (མ་དཔེ། A): ༢༣བ
[A:༢༣བ] གཅིག་རང་ཡོད་པ་ཨེ་ཡིན། སྐབས་སུ་ཚ་བཤགས་རང་བྱེད་པས་བྱུང་ཟེར། དེ་དྲན་གསུང། ཡུམ་ལ་དྲིས་པས་ཀྱང་། དེ་ཁོ་ན་ལྟར་ལགས་ཞུ་ཡི་འདུག། ཁྱོད་གཉིས་རྗེ་ཀརྨ་པ་དང་འཇལ་ཨེ་མྱོང་གསུང་པས། ལྷ་སར་འགྲོ་ཞོར་གཅིག་ལ་འཚུར་ཕུར་འཇལ། ངེད་གཉིས་ལ་གོས་རེ་གནང། ད་གཟོད་ཁྱེད་གཉིས་ལ་གནས་འདིར་དབྱར་དགོས་གསུང། བུ་ཆུང་འདི་ཁོང་པ་ཞུས་པ་མེད་ལགས་ཟེར། དེ་ནས་ཨོ་རྒྱན་པ་ལ། ངའི་ཞ་དང་དཔེ་ཆ་དེ་ཐོང། སྔར་ངས་ཁྱོད་ལ་བཤད་པ་ཡིན། ད་ཁྱོད་ཀྱིས་ངའི་ལུས་འདི་མ་ཚར་གྱི་བར་ལ་མགོ་འདོན་ཀྱང་གྱིས་གསུང་ནས། ཨུ་རྒྱན་པ་ལ་སྐུ་གསུམ་ངོ་སྤྲོད་ཀྱི་ལུང་གསན། སངས་རྒྱས་དགོན་ས་སོགས་ཀྱིས་འཇལ་དུ་བྱོན་པའང་མཁྱེན་ནས། ཐམས་ཅད་ཆོས་རྗེ་གོང་མའི་སྐུ་སྐྱེ་ཡིན་པར་ཡིད་ཆེས། མཐའ་ཡས་པའི་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་དེ། རྣམ་ཐར་བསམ་གྱིས་མི་ཁྱབ་པ་རྣམས་འདིར་རྒྱས་པར་མ་བྲིས་པ་ལགས། དེའི་ཕྱི་མ་གར་འབྱོན་ཞེས། ཏའི་བན་གུ་ཤྲིས་ཆོས་རྗེ་མྱ་ངན་ལས་འདའ་ཁ་མའི་ཚེ་ན་ནན་ཆེར་ཞུས། བདག་ཀྱང་དེར་སྐྱེ་བར་སྨོན་ལམ་འདེབས་པ་ཡིན། ས་ཕྱོགས་འདིར་འབྱོན་གྱི་ངེས་པ་ཅིས་ཀྱང་ཐུགས་རྗེས་འཛིན་པར་ཞུ་ཅེས། དེ་ཙམ་ཁོ་བོ་ལ་མོས་ན། ཁོ་བོ་ཤར་ཕྱོགས་ཀོང་པོའི་རྒྱལ་ཁམས་སུ་འོང་གསུང། དེ་དང་རྗེས་སུ་མཐུན་པར། མྱང་པོར་བྱོན་པའི་ཚེ། ཀརྨ་པ་རོལ་པའི་རྡོ་རྗེ་གོང་ལོ་གསུམ་གཞེས་པ་ན། ཡུམ་ལ་གསུངས་པ། ང་ཀརྨ་པ་ཤིའི་སྐྱེ་བ་ཡིན། འཛམ་བུའི་གླིང་འདིར་གདུལ་བྱ་འདུལ་རྒྱུ་མང་པོ་ཡོད། དེའི་ཕྱིར་འོངས་པ་ཡིན། ཁྱོད་རང་ལྟོས་ཤིག་གསུང་ནས།་འཆི་མེད་ཀྱི་འཕྲུལ་འཁོར་མཛད། ང་ཁྱོད་ཀྱི་ལུས་ལ་ཡོད་པ
འི་དུས་
ནས་འཕྲུལ་འཁོར་བྱས་པས། ཁྱོད་འཕར་བ་དང་སྤྲུག་པ་སོགས་བྱུང་པ་ཡིན་མོད། འདི་ལྟ་བུའི་རྒྱུ་མཚན་ད་དུང་ཕ་ལའང་མ་བཤད་ཅེས་བཀའ་གདམས་སོ།