R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • ཤོག་ལྷེ། (མ་དཔེ། A): ༢༤ན
[A:༢༤ན] ཡང་ངའི་ཞལ་མཐོང་བས་ངན་སོང་དུ་མི་འགྲོ་བ་ཡིན། ཚུར་ཕུ་དང་རྒྱལ་པོའི་ཕོ་བྲང་དུའང་འགྲོ་དགོས། ངའི་གདུལ་བྱ་དཔག་ཏུ་མེད་པ་སོགས་ཡོད་གསུང་བ་དང། ཡང་དྲུང་ནས་ཀརྨ་སྤ་ཤི་ཡིན་ན། རང་བྱུང་རྡོ་རྗེ་ཡིན་ནམ་ཞུས་པས། དེ་གཉིས་ཁྱད་མེད། ཀརྨ་པ་རང་ཡིན་དེ་གཉིས་སུའང་མ་བཤད་གསུང། དེ་ནས་རིམ་གྱིས་བྲག་གི་བར་ཁད་དུ་བྱོན། འགྲོ་མགོན་ལ་གཙུག་ལག་ཁང་གི་སྒོ་ཕྱེ་གསུང་ནས་ནང་དུ་བྱོན། ཆོས་རྗེའི་སྐུ་འདྲ་ལ་ཕྱག་མཛད། ཕེ་བོ་ཁམས་བཟང་ངམ་གསུང། གཞན་རྣམས་ལའང་ཕྱག་མཛད་དེ། ཕྱག་དང་ཞེས་སའི་མཆོད་པ་འབུལ་ཞེས་གསུང། འགྲོ་མགོན་ལ་ཁྱོད་ཀྱི་ལག་ན་ངའི་ཞབས་རྗེས་ཡོད་པ་ཁྱེར་ཤོག་གསུང། རྡོ་རྗེའི་ཞབས་རྗེས་ཕུལ་བས། འདི་མིན་ང་རང་གི་དེ་ཁྱེར་ཤོག་གསུང། དེའི་ཚེ་ལྷ་ཁང་གི་རྒྱ་མཐོངས་ལ་རྒྱ་བྲེས་ཡོད་པའི་སྟེད་དུ་བྱོན་དེ། ངོ་མཚར་བའི་རྫུ་འཕྲུལ་བསྟན། དབུ་ཞ་དང་ཞབས་རྗེས་གཉིས་ཀ་ཕུལ་བས་མཉེས་ནས། ངོ་ཤེས་སམ་གསུང། མི་ཤེས་ལགས་ཞུས་པས། དུས་གསུམ་མཁྱེན་པ་ཡང་ང་ཡིན།
ཀརྨ་སྤ་ཤིའང་ང་ཡིན།
རྒྱ་ཡུལ་དུ་ཕྱིན་ནས་ཧོར་སོག་བཏུལ་བ་ཡང་ང་ཡིན། ད་རུང་འདུལ་འཕྲོ་ཡོད། སྤྲིན་གྱི་མཐོངས་ནས་བསྟན་པ་ཡང་ང། སེང་གེའི་སྟེང་ནས་སྟོན་པ་དང། གླང་པོ་ཆེ་དང། ཉི་མ་དང། ཟླ་བའི་སྟེང་ན་འདུག་པ་ཡང་ང་ཡིན། ངའི་བླ་མ་སྟོང་པ་ཉིད་ཡིན། ཁྱེད་རྣམས་ཀྱིས་བླ་མ་ང་ཡིན། ང་ལ་སྤྲུལ་པ་དབར་གསུམ་ཡོད། གཅིག་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱི་དྲུང་ན། གཅིག་ཤར་ཕྱོགས་མངོན་པར་དགའ་བ་ན། གཅིག་འཛམ་བུ་གླིང་འདིར་ང་རང་འོངས་པ་ཡིན། ཞེས་སོགས་གསུངས་པ་ན། འོ་ན་རྣམ་ཐར་གཅིག་གསུང་པར་ཞུ་ཞུས་པའི་ལན་དུ། བར་དོའི་རྣམ་ཐར་ཉུང་ཤས་ཤིག་གསུངས། ཡང་