R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • ཤོག་ལྷེ། (མ་དཔེ། A): ༢༤བ
[A:༢༤བ] ཆོས་གྲལ་གཅིག་ཏུ། ང་ལོ་བཞི་ལོན་ནས་པདྨ་དཀར་པོ་པ་གར་སྐྱེས། ལོ་ལྔ་ལོན་ནས་འགྲོ་ལ་ཆོས་བཤད་བྱས། ལོ་དྲུག་ལོན་ནས་སེམས་ཅན་གྱི་[-] ལམ་སྣ་དྲངས། ལོ་བདུན་ལོན་ནས་འགྲོ་བའི་གདུལ་བྱ་སྐྱངས། རིན་ཆེན་ང་ཡིས་བཤད་པ་ཡིན། དེ་དང་འཇལ་ན་ངན་སོང་མེད། ཅེས་གསུང་བ་སོགས་ཀྱིས། རང་བྱུང་རྡོ་རྗེའི་སྐུ་སྐྱེས་ཡིན་ངེས་ལ། སྐུའི་རྣམ་ཐར་དང་ཕྲིན་ལས་སྐྱངས་ཚུལ་བསམ་གྱིས་མི་ཁྱབ་
ལ་
ཕྱོགས་ཙམ་རྣམ་ཐར་ཆེན་པོ་རྣམས་སུ་གསལ་ལོ། དེའི་སྐུ་སྐྱེ་ཕྱི་མ་ནི། དེ་ནི་ལེགས་པ་ཡིན་པར་ངེས་ཏེ། ཟུར་ཙམ་རྗོད་ན་ཞལ་ནས། ཕག་གི་ལོ་ལ་འཆི་བ་ཡིན། བྱི་བའི་ལོ་ལ་སྐྱེ་བ་ཡིན། འབྲུག་གི་ལོ་ལ་གཞན་དོན་བྱེད་ཅེས་གསུང་བ་དང། མྱང་འདམ་ལ་ཕྱག་འཛུབ་བཙུགས་ཏེ། ད་གཟོད་ཕ་གིར་སྐྱེས་
བུ་
གྲགས་པ་དང་ལྡན་པ་གཅིག་འབྱོན་པར་འདུག་ཅེས་ལུང་བསྟན། རྣམ་ཐར་ལས་ཀྱང། ཕག་གི་ལོ་ལ་ཁོ་བོ་འཆི་ཚུལ་བསྟན། བྱི་བའི་ལོ་ལ་ཉང་འདམ་ཕྱོགས་སུ་སྐྱེ། འབྲུག་གི་ལོ་ལ་གཞན་དོན་བྱེད་དོ་ཅེས། ཇི་སྐད་གསུངས་བཞིན་བྱོན་ལ་གུས་ཕྱག་འཚལ། ཅེས་སོགས་དང། ཡུམ་གྱི་ལྷུམས་ན་གཞུགས་པའི་ཚེ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་སྒྲ་སྒྲགས་པ། ཡུར་གྲལ་བ་རྣམས་ཀྱིས་ཚོར། ཡུམ་ངོ་སྣོང་པར་གྱུར་ནས་འཛེམ་པའང་མཛད། སྐུ་ལྟམས་པའི་ཚེ་ནམ་མཁའ་ནས་གཟིམས་
ཁང་
ལ་འཇའ་ཟུགས་པ་སོགས་ཀྱིས། ཀརྨ་པ་འཁྲུངས་ཀྱི་ཡོད་པར་འདུག་གོ། ཟེར་བའི་གྲགས་པས་ཕྱོགས་ཐམས་ཅད་ཁྱབ། སྐྱེ་བོ་མང་པོ་འདུས། ཕ་མ་ལ་རང་དབང་མེད་པར། བུ་ཆུང་ནས་མི་མང་གི་ཕྱག་དང། བསྐོར་བ་དང་བྱིན་རླབས་ཞུ་བ་སོགས་ཀྱིས་གདུལ་བྱའི་དོན་མཛད། སྐུ་ལྟམས་ནས་ཟླ་བ་གཉིས་པ་ལ། གུ་ཤྲི་བློ་གྲོས་རྒྱལ་མཚན་པས། བུ རམ་སྡེར་མ་གང་ཁྱེར་