R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 65
[A:65]ཐུགས་རྗེ་ཆེན་པོ་དང༌། རྟག་པར་གཞན་ལ་ཕན་པའི་ལྷག་བསམ་གྱི་ངང་ཚུལ་གཞན་ལས་ཆེས་ཕུལ་དུ་བྱུང་བ་སོགས་ཀྱི་ཡོན་ཏན་བརྗོད་ཀྱིས་མི་ལང་བའི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚུལ་བཟུང་ནས་བདག་ཅག་རྣམས་ཀྱི་དཔལ་མགོན་དུ་བྱོན་པ་མངོན་སུམ་གྱི་ཚད་མས་ལེགས་པར་གྲུབ་པ་ཉིད་དོ། །དེས་ན་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ནི་ཐ་མལ་པའི་བློ་ཡི་ཡུལ་ལས་འདས་པས༑ གདུལ་བྱ་ཐ་མལ་པ་ལ་བསྟན་དུ་མི་རུང་ཞིང་བསྟན་པར་དཀའ་བ་ཉིད་ཀྱིས་རང་རང་དང་རྗེས་སུ་མཐུན་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་རྗེས་སུ་འཛིན་པར་མཛད་དོ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱིའི་རྣམ་ཐར་ཡིན་ནོ། །རྒྱུ་མཚན་དེ་ལྟ་བས་ན་བདག་ཉིད་ཆེན་པོ་འདིས་ཀྱང༌། བདག་ཅག་རྣམས་ཀྱི་སྐལ་བ་དང་འཚམ་པར། དགེ་སློང་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་པ་ཆེན་པོའི་ཚུལ་གྱིས་བསྟན་པ་རིན་པོ་ཆེ་ལ་བྱ་བ་མཛད་ཚུལ་རགས་པ་རང་གིས་ཇི་ལྟར་མཐོང་ཞིང་ཐོས་པ་རྣམས་སྒྲོ་སྐུར་དང་བྲལ་བར་བརྗོད་པར་བྱའོ། དེ་ཡང་བདག་གིས་སྔ་མོ་ནས་བཀོད་པའི་རྣམ་ཐར་གསོལ་འདེབས་སུ་བྱས་པ་འདི་རྩ་ཚིག་ཏུ་བྱས་ནས་བཤད་པར་བྱ་སྟེ། འདི་ལ་མཚན་དང་སྐུ་གསུང་ཐུགས་ཀྱི་སྒོ་ནས་མདོར་བསྟན། དོན་གཉིས་ཕུན་སུམ་ཚོགས་པའི་སྒོ་ནས་རྒྱས་པར་བཤད། སྐྱོན་མེད་སྡོམ་གསུམ་རྫོགས་པའི་སྒོ་ནས་དོན་བསྡུ་བའོ།། དང་པོ་ནི། རྒྱལ་བའི་རྒྱལ་ཚབ་དམ་པ་ཆོས་ཀྱི་རྗེ། །ཐུབ་བསྟན་ནམ་མཁའི་རྒྱན་གྱུར་འགྲོ་བའི་སྐྱབས། །རྨད་བྱུང་མཁྱེན་བརྩེ་བྱེ་བའི་འོད་ཟེར་ཅན།། སེམས་དཔའ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་མཚན་པེལསྤེལ