R1154: གཙང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པའི་ཁ་སྐོང་ཡིད་ཆེས་གསེར་གྱི་ལྗོན་པ།

  • Pagination (Witness A): 53
[A:53]༄༅།།གཙང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པའི་ཁ་སྐོང་ཡིད་ཆེས་གསེར་གྱི་ལྗོན་པ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བྷྱ༔ སྐུ་གསུམ་གངས་རིའི་མགུལ་པ་ནི། །ཐུགས་རྗེའི་ཆུ་འཛིན་སྨུག་པོ་འཁྱུད། །གཞན་ཕན་ཆར་རྒྱུན་འབེབས་མཛད་པའི། །འཇམ་མགོན་བླ་མའི་ཞབས་ལ་འདུད། །ཅེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཙང་སྟག་ཚང་གི་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་མཁས་བཙུན་བཟང་གསུམ་འཆད་རྩོད་རྩོམ་གསུམ་གྱི་ཆ་ལ་གངས་ཅན་གྱི་མཁས་པ་ཀུན་གྱི་གཙུག་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་བདག་ཉིད་ཆེན་པོ་དེའི་རྣམ་པར་ཐར་པ་གསོལ་འདེབས་ཕུན་ཚོགས་དཔལ་འབྱོར་གཞུང་ཚིག་ཏུ་སྦྱར་བ་དགུང་ལོ་དྲུག་ཅུ་རེ་དྲུག་ལྕགས་སྟག་ཡན་གྱི་རྣམ་ཐར་བདག་ཉིད་ཆེན་པོ་རང་གི་སྒྲོ་བཀུར་དང་བྲལ་བ་མཛད་ཅིང༌། །རྣམ་ཐར་དེ་ཉིད་དུ་རེ་ཞིག་གྲུབ་ཅེས་པ༑ ཕྱིས་གདུལ་བྱ་རྣམས་དཔྱོད་དང་ལྡན་པ་རྣམས་ཀྱིས་དེ་འཕྲོས་བསྒྲིག་ཆགས་སུ་དགོས་པ་རྗེས་སུ་གནང་བའི་བཀའི་གནང་བ་ལ་བརྟེན། གཞུང་ལུགས་རབ་འབྱམས་སྨྲ་བ་ཤེས་རབ་ཚེ་འཕེལ་དང༌། ལུགས་གཉིས་དད་པའི་རྗེས་འགྲོ་ཉེ་