R1180: སེམས་འགྲེལ་བསྐོར་གསུམ་གྱི་བླ་མའི་རྒྱུད་རིམ་གསལ་བ།

  • Pagination (Witness A): [-]
ཐོག་མར་དགེ་བ་ཀླད། མཚན་བྱང་། ༄༅།། སེམས་འགྲེལ་སྐོར་གསུམ་གྱི་བླ་མའི་བརྒྱུད་རིམ་གསལ་བ། མཚུངས་མེད་ཆོས་རྗེ་རིན་པོ་ཆེ་དགེ་འདུན་འཕེལ། མཁན་ཆེན་བློ་བསྟན་མཁན་ཆེན་རབ་གྲགས་པ། བསམ་ན་ཚད་ལས་འདས་པའི་ཡོན་ཏན་མངའ།། བརྟག་ན་ཉེས་སྐྱོན་མེད་པའི་སྐྱེས་བུ་མཆོག། ཅིས་ཀྱང་ཉེས་སྐྱོན་མེད་པའི་སྐུ་དྲིན་ཅན།། ཀུན་དགའ་བློ་གྲོས་ཞབས་ལ་ཕྱག་འཚལ་ལོ།།
ཕྱག་འཚལ་བ། ༄༅།། སྭ་སྟི། དཔལ་ལྡན་ས་བཅུའི་དབང་ཕྱུག་གིས་མཛད་པའི་བླ་ན་མེད་པའི་འགྲེལ་པ་སྐོར་གསུམ་གྱི་སྔོན་དུ་འགྲོ་བ་བླ་མའི་བརྒྱུད་རིམ་གསལ་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།།
མཆོད་པར་བརྗོད་པ། དཔལ་ལྡན་ཧེ་རུ་ཀ་ནི་བདེ་བའི་གར་གྱིས་བདེ་བར་རོལ་ཞིང་འདོད་ཆགས་ཆེན་པོས་རྗེས་སུ་ཆགས་པར་མཛད། །རྡོ་རྗེ་ལྷ་མོ་རྣམ་འཕྲུལ་དུ་མའི་དབྱིབས་ཅན་དུ་མའི་ཁ་དོག་འོད་ཟེར་ཟེག་མ་ཕྲ་ཕྲོ་འཕྲོ་བ་ཅན། །སྲིད་གསུམ་ལ་གནས་སྲིད་གསུམ་གཟུགས་ཅན་ལྷ་དང་ལྷ་མོའི་ཚོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནི། །འགྲོ་བ་རྣམས་ཀྱིས་དག་པ་གཉིས་ལྡན་ཚུལ་གྱིས་ཐོབ་པར་གྱུར་ཅིག་དེ་ལ་གུས་པས་རྟག་ཏུ་འདུད་གྱུར་ཅིག།
བརྩོམ་པར་དམ་བཅའ་བ། དེ་ཉིད་མངོན་དུ་འགྱུར་བའི་ཐབས།། རྣམ་དག་ལམ་རྣམས་གསལ་མཛད་པའི།། དཔལ་ལྡན་བླ་མར་བཏུད་བྱས་ནས།། འཆད་ཉན་སྔོན་དུ་འགྲོ་བ་བྲི།།
བར་དུ་དགེ་བ་གཞུང་། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་བཀའ་རྣམས་ནི་བསྡུ་ན་རྣམ་པ་གཉིས་ཏེ། མཚན་ཉིད་ཐེག་པ་དང་སྔགས་ཀྱི་ཐེག་པའོ།།
དང་པོ། མཚན་ཉིད་ཐེག་པ། དང་པོ་ནི། བཀའ་ཆོས་ཀྱི་འཁོར་ལོ་རིམ་པ་རྣམ་པ་གསུམ་དུ་བསྐོར་ཏེ། དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་དང་། བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང་། ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོའོ།།
༼༡༽བདེན་བཞིའི་ཆོས་འཁོར། དེ་ལ་དང་པོ་ནི། འདུལ་བ་ལུང་སྡེེ་བཞིས་ཐོག་དྲངས་པའི་འདུལ་བའི་སྐོར་རྣམས་དང་། འཕགས་པ་དྲན་པ་ཉེ་བར་གཞག་པ་དང་། དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་བཞི་བཅུ་རྩ་དགུའི་ནང་ནས། དགའ་བོ་མངལ་དུ་གནས་པ་དང་། མངལ་དུ་འཇུག་པ་སྟེ་གཉིས་དང་། ཚངས་པའི་དྲ་བ་དང་། མདོ་ཆེན་པོ་སྒྱུ་མའི་དྲ་བ་ལ་སོགས་པ་ཐེག་པ་ཆུང་ངུ་སྟོན་པའི་བཀའ་རྣམས་ཡིན་ཞིང་།
༼༢༽མཚན་ཉིད་མེད་པའི་ཆོས་འཁོར། གཉིས་པ་ནི། རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་དང་། ཤེས་རབ་ཁྲི་པ་དང་། ཤེར་ཕྱིན་ལྔ་བརྒྱ་པ་དང་། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་སོགས་པ་ཤེས་རབ་སྣ་ཚོགས་སུ་གྲགས་པ་རྣམས་དང་། འཕགས་པ་དཀོན་མཆོག་བརྩེགས་པའི་ནང་ནས། དགའ་བོ་མངལ་གནས་དང་། དགའ་བོ་མངལ་དུ་འཇུག་པ་སྟེ་གཉིས་དང་། ལྷ་མོ་དཔལ་ཕྲེང་སེངྒེའི་སྒྲས་ཞུས་པ་མ་གཏོགས་པའི་ཆོས་ཀྱི་རྣམ་གྲངས་བཞི་བཅུ་རྩ་དྲུག་ལ་སོགས་པ་རྣམས་ཡིན་ལ།
༼༣༽དོན་དམ་རྣམ་པར་ངེས་པའི་ཆོས་འཁོར། གསུམ་པ་ནི། མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་དང་། ལྷ་མོ་དཔལ་ཕྲེང་གིས་ཞུས་པའི་མདོ་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་དང་། རྔ་བོ་ཆེ་ཆེན་པོའི་མདོ་དང་། སྤྲིན་ཆེན་པོའི་མདོ་དང་། དགོངས་པ་ངེས་འགྲེལ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ་དང་། སངས་རྒྱས་ཕལ་པོ་ཆེ་དང་། ལངྐར་གཤེགས་པ་ལ་སོགས་པ་རྣམས་ཡིན་ནོ།། འདི་རྣམས་ཀྱིས་བརྗོད་བྱའི་དོན་ཇི་ལྟར་སྟོན་པ་ནི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྔར་གྱི་གྲུབ་མཐའ་ངན་པའི་བག་ཆགས་ཀྱིས་མ་བསླད་པར་བློ་གཟུ་བོར་གནས་པས་བལྟས་ན་རྟོགས་པར་འགྱུར་ལ། དེ་དག་བལྟ་བར་མི་ནུས་པ་རྣམས་ཀྱིས་ནི། ཆོས་ཀྱི་རྗེ་ཡིས་མཛད་པའི་བསྟན་པའི་སྤྱི་འགྲེལ་བལྟས་ན་ཡང་རགས་པ་ཙམ་རྟོགས་པར་འགྱུར་རོ།། འཁོར་ལོ་གསུམ་ཡང་དྲང་དོན་དང་ངེས་དོན་གང་ཡིན་པ་དང་། ལེགས་པར་རྣམ་པར་ཕྱེ་སྟེ་གསལ་བར་སྟོན་པ་ཡིན་མིན་གྱི་ཁྱད་པར་ལ་སོགས་པ་ནི། དགོངས་པ་ངེས་པར་འགྲེལ་པའི་མདོར།