R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།ཐེག་ཆེན་ཆོས་ལ་ངེས་ཤེས་སྐྱེས་པས་ན། །སེམས་ཅན་དོན་དུ་འདི་བྲིས་བསོད་ནམས་ཀྱིས། །ཀུན་ཀྱང་དགེ་བར་མྱུར་ལ་སངས་རྒྱས་ཤོག ། ཆོས་འབྱུང་གི་ལོ་རྒྱུས་མི་འདྲ་བ་མང་དུ་སྣང་ཡང༌། ལ་ལ་ངན་སྨྲས། ལ་ལ་ཞེ་འདོད། ལ་ལ་བསྡུས་པ། ལ་ལ་ལེ་ཚེ། ལ་ལ་བཅོས་མ་ཡིན་ཏེ། འདི་ནི་སེལ་མེད་རྣལ་མ་ཡིན། ལེགས་པར་བཟུང་ལ་ལེགས་གྱིས། །ལེགས་པར་སློབས་ལ་མཁས་པར་མཛོད། །སོ་སོ་སྐྱེ་བོས་བཀོད་རྣམས་འཁྲུལ་བ་སྲིད། །གཞུང་ལུགས་རྣལ་མ་ཐོགས་པ་ཤིན་ཏུ་དཀོན། །མན་ངག་ཀུན་ལ་ཡོད་ན་མཁས་པ་སུ་ཡིས་བྱེད། །ཡི་གེ་གཞན་ལ་མ་སྟེར་བློ་ལ་བཟུང་ལ་ཤོད། །བྲིས་ནས་སྣོད་དུ་བཅངས་ན་བང་མཛོད་ནོར་བུ་ཡིན། །ཡ་རབས་རྣམས་ལ་དགོས་ཀྱིས་ཐུགས་ལ་ཞོག །བཀའ་རྩིས་ཡི་གེ་ཞིབ་པར་ཞབས་བཏགས་པ། །དཔེ་ལ་དོག་ལ་བཤད་ལ་ཡངས་སུ་མཛོད། །ངོ་མཚར་ཆེ་བ་གཟིགས་པ་རྣམས་ཀྱིས་མཛོད། །བཤེས་གཉེན་རྣམས་ལ་སྡེ་སྣོད་མང་དུ་ཐོས། །ཆོས་དང་ཆོས་མིན་འབྱེད་པའི་བློ་གྲོས་ཡོད། །དམ་ཚིགས་ལེགས་སྲུངས་ལྟ་བ་དག་པར་རྟོགས། །ནང་བན་ཉི་མའི་འོད་ཟེར་འདི་སྐད་སྨྲ། །སངས་རྒྱས་བསྟན་པ་རིན་པོ་ཆེའི། །ཤཱཀྱ་སེང་གེའི་གསུང་རབ་རྣམས། །གྲུབ་ཆེན་མཁས་པ་ཀུན་གྱིས་ནི། །རྒྱ་གར་ཡུལ་དུ་གསལ་བར་མཛད། །དེ་ནས་གངས་རིའི་ཁྲོད་འདི་རུ། །རིགས་གསུམ་རྣམ་སྤྲུལ་རྒྱལ་པོ་ནི། །མེས་དབོན་རྣམ་གསུམ་བཀའ་དྲིན་གྱིས། །སྐད་གཉིས་སྨྲ་བ་རྣམས་ཀྱིས་བསྒྱུརད། དང་པོ་དག་ཅིང་དར་བར་མཛད། །དེ་རྗེས་གླང་དར་བས་བསྣུབས། །དེ་ནས་སྟོད་སྨད་གཉིས་ནས་དར། །བྱང་སེམས་ལྡན་པས་གསལ་བྱས་ཀྱང༌། །དེང་སང་ལོངས་སྤྱོད་དར་བའི་དུས། །དམ་ཆོས་རིན་ཆེན་ནུབ་ལ་ཁད། །དེ་ཉིད་གསལ་བར་བྱེད་འདོད་པས། །བདག་གིས་སྦས་པ་བཏོན། །སྐལ་ལྡན་གཅིག་དང་འཕྲད་འགྱུར་གསུངས། །ཆོས་ལུགས་མ་ནོར་བཟུང་བར་བྱ། །ལེགས་པར་རྟོགས་ལ་མཁས་པ་ཡིན། །དྲི་མེད་དག་པའི་དམ་ཆོས་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་དོན་ཟབ་མོ་འགྲུབ་པར་འགྱུར། །དེས་ན་བརྩོན་འགྲུས་ཆེན་པོ་ཡིས། །བཀའ་ལུང་དྲི་མ་མེད་པ་ལ། །དད་ལྡན་རྣམས་ཀྱིས་འཇུག་པར་རིགས། །ཐོས་བསམ་སྒོམ་གསུམ་མཐར་རུ་ཕྱུང༌། །མཁས་པ་རྣམས་ཀྱིས་བཤད་པ་འདི། །ཉམས་སུ་བླང་གི་རྨོངས་པའི་གདམས་ངག་སྤོངས། །ཞེས་སོ། །མངྒ་ལཾ་བྷ་ཝནྟུ། །དགེའོ།། །།