R127: ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད།

  • ཤོག་ལྷེ། (མ་དཔེ། A): ༡༢༤ན
[A:༡༢༤ན]བཏང་སྒོ་དྲུང་དུ་སླེབ་པ་དང་། བདག་ཅག་དམངས་མོ་དབང་ཆུང་བས། །བློན་མོའི་ཚོགས་ལ་མ་ཞུས་པར། །བདག་གི་ཤ་ཟ་ཁྲག་འཐུང་བས། དམ་པ་བདག་ལ་དགོངས་ཟེར་ནས་ལོངས་སྐུ་བློན་མོའི་ཚོགས་ལ་ཞུར་སོང་། མར་མེ་ལ་ནི་སྦྲང་མ་བཞིན། །བདག་འཇོམས་སྒོ་མ་ག་ལ་སྲིད། །བྱས་ནས་ལྡེ་མིག་གིས་སྒོ་ཕྱེ་སྟེ་ནང་དུ་འཚངས་པས། དེར་གནས་པའི་མཁའ་འགྲོ་རྣམས་ཀྱིས་འཇིགས་པའི་ཆ་བྱད་བསྟན་ཏེ་གླགས་བལྟ་བས། ལུས་ངག་ཡིད་ཟིལ་གྱིས་གནོན་པའི་ལྟ་སྟངས་བྱས་པས། དེ་དག་གི་རྒྱལ་མོ་ཆོས་སྐུ་ཡེ་ཤེས་ཀྱི་ཌཱ་ཀི་མ་ལ་ཞུས་པས་གནང་བ་ཐོབ་སྟེ་དཀྱིལ་འཁོར་ཆེན་པོའི་དབུས་སུ་བཞུགས་སོ། །དེར་བཅོམ་ལྡན་འདས་མ་ལ་གུས་བཏུད་མ་བྱས་པར་འདུག་པ་ལ། དཔའ་བོ་དཔའ་མོ་དེ་དག་གིས། །འདི་ནི་དུས་གསུམ་སངས་རྒྱས་ཀྱི། །ཡུམ་གྱུར་བཅོམ་ལྡན་འདས་མ་ལ། །མ་གུས་པ་ཡི་ཚུལ་ཅན་འདི། །ཅི་ཡི་ཕྱིར་ན་འཇོམས་མི་བྱ། །ཞེས་ཟེར་བ་ལ། བཅོམ་ལྡན་འདས་མ་ཉིད་ཀྱིས། འདི་ནི་དུས་གསུམ་སངས་རྒྱས་ཀྱི། །ཡབ་གྱུར་བདེ་མཆོག་འཁོར་ལོ་སྟེ། །འདི་ལ་མཁའ་ནས་རྡོ་རྗེ་ཡི། །སེར་བ་ཕབ་ཀྱང་གཞོམ་མི་ནུས། །གསུངས། དེར་ཁྱོད་ཅི་ལ་འོངས་ཟེར། བདག་རང་པཉྩྨ་པཱ་ན་ཡིན། །སྲིང་མོ་བདེ་སྟེར་མ་ཡིས་བཏང་། །སྙན་རྒྱུད་ཡི་གེ་མེད་པ་ཞུ། །བྱས་པས། སྐུ་ཙ་ཀ་ལི། གསུང་ཡིག་འབྲུ། ཐུགས་ཕྱག་རྒྱའི་བརྡ་གསུམ་བསྟན་བྱུང་བ་ལ། ཙཀ་ལི་སྐུ་ཡི་དཀོར་མཛོད་ནས། །བརྒྱུད་པ་ཡིད་བཞིན་ནོར་བུ་ཞུ། །ཡིག་འབྲུ་གསུང་གི་དཀོར་མཛོད་ནས། །སྨིན་ལམ་ཡིད་བཞིན་ནོར་བུ་ཞུ། །ཕྱག་མཚན་ཐུགས་ཀྱི་དཀོར་མཛོད་ནས། །གྲོལ་ལམ་ཡིད་བཞིན་ནོར་བུ་ཞུ། །བྱས་པས། ཙཀ་ལི་སྐུ་ཡི་དཀོར་མཛོད་ན། །བརྒྱུད་པ་ཡིད་བཞིན་ནོར་བུ་ལ། །དམ་ཚིག་དག་གི་ལྕགས་བཅུག་པས། །དམ་ཚིག་མེད་པས་ཕྱེད་མི་འགྱུར། །ཡིག་འབྲུ་གསུང་གི་དཀོར་མཛོད་ན། །སྨིན་ལམ་ཡིད་བཞིན་ནོར་བུ་ལ། །ལུང་བསྟན་དག་གི་ལྕགས་བཅུག་པས། །ལུང་མ་བསྟན་གྱིས་ཕྱེད་མི་འགྱུར། །ཕྱག་མཚན་ཐུགས་ཀྱི་དཀོར་མཛོད་ན། །གྲོལ་ལམ་ཡིད་བཞིན་ནོར་བུ་ལ། །གྲུབ་ཐོབ་དག་གི་ལྕགས་བཅུག་པས། །མ་ཐོབ་པ་ཡིས་ཕྱེད་མི་འགྱུར། །གསུངས་སོ། །དེ་ལ། མཁའ་འགྲོའི་ལུང་བསྟན་ལྡེ་མིག་ཡོད་གསུངས་པས། མཁའ་འགྲོ་རྣམས་རྟ་གད་དུ་བགད་ནས། དམུས་ལོང་བལྟས་པས་གཟུགས་མི་མཐོང་། །འོན་པས་ཉན་པས་སྒྲ་མི་ཐོས། །ལྐུགས་པས་སྨྲས་ཀྱང་དོན་མི་གོ །ཞ་བོ་བརྒྱུགས་པས་རྗེས་མི་སླེབ། །