R127: ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད།

  • ཤོག་ལྷེ། (མ་དཔེ། A): ༡༣༢ན
[A:༡༣༢ན]དེ་ནས་ལོ་གཅིག་ན། ང་ལྟོགས་མ་གི་ན་སྦྱིན་གཏོང་བྱེད་པ་ཞིག་ཡོད་པས་སློངས་ཤིག་གསུངས། དགའ་ནས་ཕྱིན་པས་སྣོད་གང་ཐོབ་པ་སློབ་དཔོན་ལ་ཞུས་པ་ཞིམ་ཞིམ་མཛད་དེ་གསོལ་ལོ། །ད་དུང་བཙལ་ལམ་ཞུས་པས་རུང་གསུང་། སླར་ཕྱིན། སྤྱིར་རྒྱ་གར་ལ་ཉི་མ་གཅིག་ལ་གནས་གཅིག་ཏུ་ལན་གཉིས་སློང་བའི་སྲོལ་མེད་པས་བསླངས་པས་ནི་མ་སྟེར། ལྷག་གི་སྣོད་འདུག་པ་དེ་བརྡོས་ཏེ་འོངས་པས་ཐམས་ཅད་ཀྱིས་བདས་རྗེས་ཟིན། དབྱུག་པས་འདམ་བུ་བཅོམ་པ་བཞིན། འགྱོད་པ་མེད་པས་སློབ་དཔོན་བྱོན་ཏེ་སྔར་བཞིན་གསོས། དེ་ནས་ལོ་གཅིག་ན་རྒྱལ་པོའི་བཙུན་མོ་སྐྱེད་མོས་ཚལ་དུ་ཁྱོགས་ལ་བཏེག་སྟེ་འགྲོ་བ་གཟིགས་པ་ན། འདིའི་ནུ་མ་མཉེད་ནུས་སམ་གསུང་། ནུས་ཞུས་ནས་བྲམ་ཟེའི་ཆས་རི་དྭགས་ཀྱི་པགས་པས་སྨད་དཀྲིས། ཚངས་སྐུད་བཅངས། ཀུ་ཤ་རྣ་བར་གཟེར། ལག་ཏུ་མེ་ཏོག་གི་འཕྲེང་བ་ཞིག་བཟུང་ནས་སྒོར་བསྡད་པ་ན། ཚུར་ལོག་པ་ན་དེའི་དྲུང་དུ་རིག་བྱེད་སྟོན་པས་བཀྲ་ཤིས་སོ་ཟེར། མེ་ཏོག་གི་འཕྲེང་བ་བཅིངས་ནས་ནུ་མ་མཉེས་པས་འཁོར་རྣམས་ཀྱིས་དབྱུག་པས་སྔར་ལྟར་བཅོམ། སློབ་དཔོན་བྱོན་ནས་གསོས། དེ་ནས་ལོ་གཅིག་ན་སློབ་དཔོན་ན་རེ། རྣལ་འབྱོར་པ་བྱ་བ་ཕྱག་རྒྱ་མ་དགོས་པ་ཡིན། ཁྱོད་ཀྱིས་བློན་པོ་བག་མ་བསུ་བ་དེ་འཕྲོག་ནུས་སམ། སྔར་ལྟར་བྲམ་ཟེར་བྱས་ནས། དེ་ཡོང་བའི་ལམ་དུ་བསྡད་པས་གཉེ་བོ་རྣམས་དགའ་ནས་བཀྲ་ཤིས་སོ་ཟེར། བག་མ་ལ་མེ་ཏོག་བཏགས་ནས་དེ་ཕང་དུ་རྩེན་དེ་བླངས་འཁུར་བར་བརྩམས་པས། ཐམས་ཅད་ཀྱི་བློན་པོ་བརྙས་པ་འདི་ལྟར་བྱེད་པ་ཟེར་ནས་འདམ་བུ་བཞིན་དུ་བཏགས། རྐང་ལག་བཞི་བཅད་དེ་བཞག་གོ །དེར་ད་རེས་ནི་རྐང་ལག་བཅད་པས་འཐུད་དུ་ནི་མི་ཐུབ། སོས་པའི་ཐབས་མེད་བླ་མའི་ཕྱིར་ཡིན་ཤིའང་བྲོད་དོ་སྙམ་པ་ན། སློབ་དཔོན་བྱོན་ཏེ་ཆད་པ་འཐུད་ནས་སྔར་བཞིན་གསུངས་པས་སོས། དེ་ནས་ལོ་གཅིག་ན། ནཱ་རོ་པ་ཁྱོད་རང་ཆུང་མ་མ་གི་ལོང་གསུངས། བླ་མའི་བཀའ་ཡིན་བསམ་བླངས། གཏམ་ངན་གྱིས་རྒྱལ་ཁམས་ཁྱབ་པས་འགྱོད་པ་མེད་སྙམ་པ་དང་། ཆུང་མ་ཚོལ་བ་འདིས་ལན་གསུང་། རྡོ་རྗེའི་བུ་ག་ལྕགས་ཀྱི་ཐུར་མས་གཤགས། རྡོའི་ཐོ་བ་གཉིས་ཀྱི་བར་དུ་བཅུག་ནས་བརྡུངས་པས་ན་ཚ་ལ་བཟོད་པའི་གླགས་མེད། ལུས་གཡོ་བ་ཙམ་ཡང་མེད་པར་བླ་མས་མཛད་པ་ཡིན་སྙམ། ཞག་དུ་མ་ན་བྱོན་ནས་སྔར་བཞིན་གསོས། དེ་ནས་ཆུང་མ་དེ་ང་ལ་དགོས་གསུངས།