R127: ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད།

  • ཤོག་ལྷེ། (མ་དཔེ། A): ༡༩༠ན
[A:༡༩༠ན]དེ་ནས་ཁ་ཆེར་བརྫངས། ལོ་བཅུ་བདུན་ལྷོ་བལ་དུ་བཞུགས་ནས་གསན་སྦྱོང་མཛད། བལ་པོའི་མཐའ་འཁོབ་ཞིག་ཏུ་སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀ་མངོན་སུམ་དུ་གཟིགས་ནས་མཁའ་སྤྱོད་དུ་འདོང་གསུངས་ནས་སྟག་གི་འཕོངས་སྟེང་དུ་བསྐྱོན་ནམ་མཁའ་མཐོན་པོར་སླེབས་པ་དང་། བོད་ཀྱི་ཐད་གཞན་པས་ངོམས་ནག་བ་མུན་པའི་གླིང་ལྟ་བུར་གཟིགས་ནས་མ་གི་གང་ལགས་ཞུས་པས་བོད་རྨོངས་པའི་གླིང་ངོ་གསུངས། བརྩེ་བ་མི་བཟོད་པ་འཁྲུངས། མཁའ་སྤྱོད་དུ་མི་འགྲོ་བར་དེར་འཆད་ཉན་བཙུགས་ཏེ། བློ་གྲོས་ཀྱི་སྣང་བས་དེ་དག་ཉིན་མོར་བྱའོ་སྙམ་དམ་བཅས་ནས་སློབ་དཔོན་ལ་གསོལ་བས་ལེགས་སོ་གསུངས་ཏེ་སྔར་གྱི་སར་བབས་ཞེས་གྲོ་ལུང་པའི་གསུང་ལས་བྱུང་། དེས་བོད་དུ་ཕེབས་ནས་གཙོ་བོར་གསང་ཕུ་དང་། གཞན་ཆོས་པར་མཛད་དེ་ལོ་བཅུ་བདུན་དུ་འཆད་ཉན་མཛད་པའི་སློབ་མ་གསུང་རབ་ཀུན་ལ་མཁས་པའི་གྲོ་ལུང་པ་བློ་གྲོས་འབྱུང་གནས། ཕར་ཕྱིན་ལ་མཁས་པ་འབྲེ་ཆེན་པོ་ཤེས་རབ་འབར། ཚད་མ་ལ་མཁས་པ་གངས་པ་ཤེའུ། དབུ་མ་ལ་མཁས་པ་ཁྱུང་རིན་ཆེན་གྲགས། སྐུ་དངོས་ཀྱི་གདན་ས་པ་ཞང་ཚེ་སྤོང་བ་སོགས་བསམ་གྱིས་མི་ཁྱབ་པ་བྱོན། དེས་ཕར་ཕྱིན་རྒྱ་གར་གྱི་པཎྜྻི་ཏ་འབུམ་ཕྲག་གསུམ་པའི་ལུགས་བཞིན་ཊིཀྐ་མཛད། ཚད་མ་ལ་རྣམ་འགྲེལ་རྒྱན་བཤད། རྣམ་ངེས། མངོན་རྟོགས་རྒྱན། སྤྱོད་འཇུག་སོགས་ལ་ཊིཀྐ་མཛད་པས་དབུས་གཙང་དུ་ལེགས་པར་དར། ཁྱད་པར་གངས་པ་ཤེའུ་དང་ཁྱུང་གཉིས་ཀའི་དངོས་སློབ་སྟོད་ལུང་རྒྱ་དམར་བ་བྱང་ཆུབ་གྲགས། དབུ་ཚད་ལ་དེའི་སློབ་མ་མང་ཡང་ཕྱྭ་པ་ཆོས་ཀྱི་སེངྒེ་གཙོ་བོ། དེས་ཕར་ཕྱིན་སོགས་གྲོ་ལུང་པ་དང་། སྤྱོད་ཕྱོགས་ཞང་ལ་གསན། གཞུང་ལུགས་ཀུན་ལ་བསྡུས་པ་རེ། ཁྱད་པར་ཚད་མ་ལ་ཡིད་ཀྱི་མུན་སེལ་ཞེས་པ་བོད་ཀྱི་བློ་གྲོས་ཀྱི་པདྨོ་འབྱེད་པ་ལ་ཉི་མ་ལྟ་བུ་དེ་བརྩམས། འཆད་ཉན་ལེགས་པར་མཛད་པའི་སློབ་མ་སེང་ཆེན་བརྒྱད། སེང་ཆུང་བརྒྱད། ཇོ་སྲས་མི་བཞི་གྲུབ་ཐོབ་མི་གསུམ་སོགས་མཐའ་ཡས་སོ། །དེ་ཕྱིན་ནས་གཞུང་ལུགས་ཀུན་སྤོམ་ཡོར་དུ་མི་འཇོག་པར་དཔྱད་བདར་ཞིབ་མོར་བྱེད་པ་འདི་བྱུང་། དེ་ནས་རིང་ཞིག་ཏུ་སྤྱི་མ་ཊིཀྐ་དར། དེ་ལས་ཕྱི་རབས་རང་འདིར་སྤྱི་མ་ཐལ་དར། གཞུང་ལུགས་ཀྱི་ཚུགས་ཅི་བདེར་བཞག་པས་ད་ལྟ་ཇོ་བོ་མཚན་ཉིད་པ་རྣམས་ཐལ་མ་བསྡུས་ཤིག་ལ་དབུ་བསྙུང་ངོ་། །འབྲེའི་སློབ་མ་ཨར། དེའི་སློབ་མ་ཁུ་དང་དཀར་ཆུང་བ། དེའི་སློབ་མ་ཞང་གཡེ་བ།