[A:༡༨༡བ]ཁར་སྒོ་རུམ་དུ་ཆོས་སྐྱོང་ལ་བཀའ་བསྒོས་ཤིང་མཆོད་གཏོར་འབུལ་བ་མཛད་པ་ན། འཆམ་མགོན་གྱི་ཞལ་ནས། ང་ཡང་ཁྱེད་ཀྱི་ཕྱི་ལ་འགྲོ་གསུངས་ནས་བཞེངས་བྱུང་པ་ལ། ཆོས་རྗེ་པས་བླ་གོས་བསྣུན་ཏེ། ཅི་ཟེར་ཁྱེད་འདིར་བསྡད་ནས་སྡེ་འདིའི་བྱ་ར་བ་བགྱིས་ཏེ། བསྟན་པ་ཡུན་རིང་དུ་རྒྱས་དགོས་སོ་ཞེས་གསུངས་པས། བསེ་མགོན་ཉིད་ཞལ་མདུན་དུ་ཅུང་ཟད་དུད་པ་དང་བཅས་པ་སྔར་བཞིན་བཞུགས་པར་གྱུར་ཏོ། །ཞེས་ལོ་རྒྱུས་ཀྱི་ཡི་གེ་རྙིང་མ་འགའ་ཞིག་ལས་འབྱུང་བ་བཞིན་བྲིས་པ་ལགས། དེ་ལྟ་བུའི་ཐུབ་དབང་གཉིས་པ་ས་སྐྱ་པཎ་ཆེན་དེ་ཉིད་ཀྱི་དྲུང་དུ་ཆོས་སྐྱོང་གི་ཆོས་སྐོར་རྣམས་རྫོགས་པར་ཆོས་རྒྱལ་འཕགས་པས་གསན་པ་ཡིན་ཏེ། སྐྱེས་ཆེན་དམ་པ་འདི་ནི་བསྟན་པ་སྔ་དར་གྱི་ལོ་ཙཱ་བ་ཆེན་པོ་ཀ་བ་དཔལ་བརྩེགས་ཀྱི་སྐུ་སྐྱེར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ལུང་བསྟན་གསལ་བོ་ཡོད་ཅིང་། སྤྱན་རས་གཟིགས་དང་གསུང་གླེང་རྟག་ཏུ་མཛད་པའི་སེ་སྟོན་རི་པར་གྲགས་པ་གཅིག་གི་སྐུ་སྐྱེར་དེ་མ་ཐག་པར་ཞལ་གྱིས་