R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༢༥༦
[A:༢༥༦]དང༌། ཛྙཱ་ན་ཤྲཱི་གཉིས་ཀྱིས་འབད་པ་བྱས་པར་གྲགས་ལ། བོད་དུ་དང་པོ་སྟེངས་པ་ལོ་ཙཱ་བ་དང༌། ལྷོ་པ་ཐམས་ཅད་མཁྱེན་པ་གཉིས་ཀྱིས། བླ་མ་དང་བརྒྱུད་པ་མི་གཅིག་པ་མང་པོ་ལ་གསན་ནས་དཀའ་བ་ཆེར་སྤྱད་ལ། དུས་ཕྱིས་བླ་མ་བག་སྟོན་གཞོན་ནུ་ཚུལ་ཁྲིམས་ཀྱིས་དཀའ་སྤྱད་མང་པོ་མཛད། བླ་མ་འདི་སྙེད་ཅིག་ལ་ཡང་དང་ཡང་དུ་ཞུས་ཤིང་གཏུགས་པས། བོད་ན་ཡོད་པའི་བརྒྱུད་སྲོལ་ཐམས་ཅད་མངའ་བ་ཡིན་པས། དེ་ཉིད་ལས་བརྒྱུད་པའི་ལུང་བཀའ་འདི་དག་པ་ཡིན་ནོ། །བླ་མ་འདི་ཉིད་ལ་སློབ་དཔོན་མགོན་པོ་འབུམ་གྱིས་མདོ་མངས་ཀྱི་ལུང་ཐམས་ཅད་རྫོགས་པར་གསན་ཅིང༌། དེ་ལ་སྤྲུ་སྟོན་བསོད་ནམས་རྒྱལ་མཚན། དེ་ལ་ཐོག་སྟོན་མཁན་ཆེན་ཤེས་རབ་རྡོ་རྗེ། དེ་ལ་སྤྲུ་སྟོན་ཆོས་དཔལ་ཤེས་རབ། དེ་ལ་སློབ་དཔོན་བསོད་ནམས་སེང་གེ དེ་ལ་འཚལ་ཡང་དགོན་གྱི་རིན་པོ་ཆེ་གྲགས་དོན་པ། དེ་ལ་བླ་མ་རིན་ཆེན་གྲགས་པ། དེ་ལ་བླ་མ་རིན་པོ་ཆེ་ཤཱཀྱ་རྒྱལ་མཚན། དེ་ལ་ཐུ་སྟོན་ཀུན་དགའ་རྣམ་པར་རྒྱལ་བ་བདག་གིས་ཐོབ་པའོ།། ༈ །།ཡང་སྭ་ལུ་ལྗང་པའི་མདོའི་བརྒྱུད་པ་གཅིག་ནི། སློབ་དཔོན་སྟོན་ཆོས། དབུས་པ་སངས་རྒྱས་འབུམ། ཆོས་རྒྱལ་འཕགས་པ་རིན་པོ་ཆེ། ཚད་མའི་སྐྱེས་བུ། བུ་སྟོན་རིན་ཆེན་གྲུབ། མཁན་ཆེན་ཤེས་རྡོར་བ། ཆོས་དཔལ་ཤེས་རབ། པུཎྱ་སིངྷ༌། རིན་པོ་ཆེ་གྲགས་དོན་པ། བླ་མ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ།། ༈ །།ཡང༌།
ཕལ་ཆེན
། བླ་མ་དམ་པ་དེ་ཉིད་ལས། དམ་པའི་ཆོས་ཤིན་དུ་རྒྱས་པ་ཆེན་པོ་སངས་རྒྱས་ཕལ་པོ་ཆེ། སྨད་ག་ཆད། སྡོང་པོ་བཀོད་པ། བཟང་སྤྱོད་ཀྱིས་མཇུག་བསྡུད་དང་བཅས་པ། ཤླཽ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ། བམ་པོ་བརྒྱ་དང་སུམ་ཅུ་དང་ཤླཽ་ཀ་སུམ་ཅུ་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་འཇམ་དཔལ། ཀླུ་སྒྲུབ། དེ་ལ་པཎྜི་ཏ་བྱང་