R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • ཤོག་ལྷེ། (མ་དཔེ། A): 96
[A:96]ཡོལ་ལ་ཁྱི་ལྟ་བུའི་དབྱིབས་ཅན། འདི་ཡིན་ངེད་རང་ཀུན་གྱིས་གཏན་མི་ཤེས་པ་ཞིག་གིས། མིས་སྒོ་འབྱེད་པ་ལྟར། བླ་བྲང་གི་སྒོ། བར་སྒོ། ནང་སྒོ་ལ་ཐུག་གི་བར་གྱི་སྒོ་རྣམས་རིམ་པར་ཕྱེ་ནས། གཏོར་མ་ལྔ་ཚར་དུ་བསྒྲིགས་པའི་མཐའི་མཁའ་འགྲོ་སྤྱི་གཏོར་དང། ཚོགས་ལྷག་སྣོད་དང་བཅས་པ་ཁྱེར། རྗེས་དེད་ཀྱང་མ་ཟིན། ནང་པར་སྣོད་ལམ་གྱི་བཞི་མདོ་ནས་རྙེད་པའི་ཚུལ་དགོན་བཞུགས་ཐམས་ཅད་ལ་གསལ་མཐོང་དུ་གྱུར་པ། འཕྲེད་མཁར་གྱི་ན་ཁར་གུར་ཕུབ་བསྡད་པའི་སྐབས། ནུབ་ཅིག་རྨི་ལམ་གྱི་འཆར་སྒོ་བུད་མེད་ཀྱི་ཁྲོམ་དཔག་ཏུ་མེད་འདུས་ནས། ག་ཎ་ཙཀྲའི་མཆོད་པ་བགྱིས་པའི་མཚན་མ་བརྟན་པོ་བྱུང་བའི་ནང་པར། གུར་འཁྲིས་ན་བུ་མོ་གཞོན་ནུ་ཞིག་གི་བསྐྱེད་མན་ཆོད་ཀྱི་ལུས་ཚང་བ་ཞིག་འདུག་པ། དེར་འདུས་ཐམས་ཅད་ཀྱིས་མཐོང་ཞིང། སླར་དུར་ཁྲོད་སྐྱེ་མི་དངོས་ད་ལྟ་ཡང་མ་ཤི་བར་ཡོད། དེ་ནས་སྣེ་ཤང་གི་རོང་ལ་ཕྱིན་པས། རོང་པ་གཞོན་ནུ་ཡུལ་དེའི་མི་སུ་དང་ཡང་འགྲོགས་འདྲིས་ངོ་ཤེས་སོགས་མེད་པ་གཅིག་གིས། ཨ་བར་སྐྱུར་གསུམ། པི་པི་ལིང། སྒ་སྐྱ། ཀ་ཀོ་ལ་སོགས་སྨན་ཤིང་གདོང་ནས་ཕབ་འཕྲལ་ཀ་ར་ལབ་ཏའི་ཤིང་ལོ་བརློན་པ་ལ་གྲིལ་བ་གཟེབ་ཁང་དང། ཏིལ་དང་འབྲས་ཀྱི་སྙེ་མ་མ་ཉམས་པ། སྙུག་མའི་འབྲས་བུ་རློན་པ་ཕུལ་གང་རྣམས་ཁྲོམ་འདུས་པའི་དབུས་སུ་ངེད་ལ་བྱིན། ངེད་ཀྱིས་དངོས་པོ་གང་བྱིན་ཡང་འདོད་པ་མེད་པར་ནང་པར་ཕྲད་དུ་ཡོང་ཟེར། དེ་ནུབ་གར་སོང་རྗེས་མེད་ལ་སོང། གྲྭ་པ་ཚོ་བཀྲམ་ཡུལ་ཀུན་ཏུ་བཙལ་བས་མ་རྙེད། དེར་ཡུལ་དེའི་རྒན་པོ་རྣམས་ན་རེ། སྨན་འདི་དག་སྐྱེ་ས་དང་རང་རེ་བཞུགས་ས་འདིའི་བར་ལ་ཟླ་བ་ཕྱེད་དང་གཉིས་ངེས་པར་ཡོད།