[A:༡༠༡]ཟེར་ཞིང་དད་པར་གྱུར་ཏོ། །ལྷག་པར་ཤེས་རབ་ཀྱི་བསླབ་པའང༌། དངོས་དང་བརྒྱུད་པའི་གདུལ་བྱ་ཐམས་ཅད་ཀྱི་དོན་དུ་བརྗོད་བདེ་ཞིང་རྟོགས་སླ་བའི་བསྟན་བཅོས་བསྟོད་པ་དང་གསོལ་འདེབས་ལ་སོགས་པའི་སྐོར། ཐེག་པ་ཆེ་ཆུང་མདོ་རྒྱུད་མན་ངག་འཕྲལ་བྱ་བའི་རིམ་པ་སྟོན་པ་དང༌། གསུང་རབ་ཀྱི་དཀར་ཆག །གསན་ཡིག །ཕྲིན་ཡིག །བསྔོ་བ་དང་བཀྲ་ཤིས་ཀྱི་སྐོར་ལ་སོགས་པ་ངོ་མཚར་བ་དུ་མ་ཞིག་མཛད་དོ། །དེང་སང་གི་བར་དུ་ཤིན་ཏུ་དར་བར་གྱུར་པ་ཡིན་ནོ། །
གསུམ་པ་སྐུ་ཚེའི་མཐར་ངོ་མཚར་བའི་མཛད་པ་མཛད་ཚུལ་ནི། ཞིང་འདིར་གདུལ་བྱའི་དོན་མཛད་པས་རངས་པར་གྱུར་ནས་ཞིང་གཞན་དུ་གཤེགས་པར་བཞེད་དེ། སྦྲུལ་ལོ་ཟླ་བ་བཅུ་པའི་ཚེས་གཅིག་ནས་ཆོས་རྗེ་པའི་དུས་མཆོད་བཙུགས་ཏེ་སྔར་བས་ཐུགས་དམ་དང་མཆོད་པ་ལ་སོགས་པ་ལ་བརྩོན་པར་མཛད་པ་ལ། དྲུང་ན་འཁོད་པ་རྣམས་ཀྱིས་ཆོས་རྗེ་པའི་དུས་མཆོད་ཟླ་བ་བཅུ་གཅིག་པ་ཕྱི་མ་ལ་ལགས་སམ་ཞུས་པས། དེ་བཞིན་ཡིན་ནའང་དུས་མཆོད་ད་ལོ་བསུ་ནས་བྱེད་པ་ཡིན་གསུངས་ནས། དུས་མཆོད་བཙུགས་ནས་ཞག་གསུམ་པའི་ཚེས་གསུམ་གྱི་མཚན་མོ་དཔལ་གྱི་རི་ལ་འཕགས་པ་ཀླུ་སྒྲུབ་བྱང་ཆུབ་ཀྱི་ཤིང་རྒྱས་པའི་དྲུང་ན་བཞུགས་པ་ལ། དབུ་མ་རིག་ཚོགས་ལ་སོགས་པ་ཐེག་ཆེན་གྱི་ཆོས་དུ་མ་གསན་པ་ལ། ལྷའི་ཚོགས་ཀྱིས་མཆོད་པ་རྒྱ་ཆེར་བྱེད་པ་དང༌། རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོ་གསལ་བར་གཟིགས་པའི་སྣང་བ་བྱུང༌། དེའི་རྗེས་ལ་དྷརྨཱ་ཕཱ་ལ་ལ་ས་སྐྱ་པ་ཆེན་པོ་ལ་སོགས་པ་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་གསུངས་ཤིང༌། བླ་མ་ཉིད་ཀྱིས་བསྟན་པའི་བྱ་བ་མཛད་ཚུལ་ཡང་གསུངས་ཏེ། ཁྱོད་ཀྱིས་ཀྱང་དེ་བཞིན་དུ་གོ་དགོས་ཞེས་གསུངས། དེ་ནས་