R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • ཤོག་ལྷེ། (མ་དཔེ། A): ༡༠༥
[A:༡༠༥]ཡིན་ལ་སྒྲུབ་པ་ཡུན་རིང་དུ་མཛད་ཀྱང༌། རྟགས་སམ་དངོས་གྲུབ་ཏུ་ངེས་པ་གང་ཡང་མ་མཐོང་ལ། སླར་མི་འཚམས་པ་དུ་མ་བྱུང་བས་ཐུགས་མུག་སྟེ་ད་ཕན་ཆད་ཆོས་རྩོམ་པ་དང༌། འཆད་པ་དང༌། དགེ་འདུན་གྱི་བྱ་བ་ལས་ཡི་དམ་ལྷའི་སྒྲུབ་པ་མི་བྱེད་དོ་ཞེས་དམ་བཅས་ནས། དཔྱིད་ཟླ་ར་བ་ས་གའི་ཉི་ཤུ་གཉིས་ཀྱི་ནུབ་མོ་ཕྲེང་བ་ཕྱགས་ཁང་དུ་བསྐྱུར་ནས་ཅི་བདེར་གནས་སོ། །དེའི་ནུབ་མོ་རྨི་ལམ་དུ་བདག་མེད་མ་ཐ་མལ་གྱི་བུད་མེད་སྔོན་མོ་ཞིག་གི་གཟུགས་སུ་བྱོན་ནས། རིགས་ཀྱི་བུ་ཚུལ་བཞིན་མ་ཡིན་པའི་སྤྱོད་པ་དེ་ལྟ་བུར་བྱེད་པ་མ་ལེགས་པས། ཕྲེང་བ་ལོང་ལ་དྲི་ཞིམ་པོའི་ཆུས་ཁྲུས། བཤགས་སྡོམ་ལེགས་པར་གྱིས་ལ་སྒྲུབ་པ་ཚུལ་བཞིན་དུ་གྱིས་ཤིག །ཁྱོད་ཀྱིས་ལས་བསགས་པའི་ལྷ་ང་ཡིན་པས་ངས་བྱིན་གྱིས་བརླབ་ཀྱི། དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར་རོ་ཞེས་གསུངས་ནས་མི་སྣང་བར་གཤེགས་སོ། །དེ་ནས་མནལ་སད་དེ་འགྱོད་པ་སྐྱེས་པ་དང༌། ཡང་ཉི་ཤུ་གསུམ་གྱི་ནུབ་མོ་ཕྲེང་བ་བླངས་ཏེ་ལུང་བསྟན་པ་བཞིན་བྱས་པ་དང༌། དེའི་ནུབ་མོ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་སྣང་བ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་སྣང་བར་བྱོན་ཏེ་དབང་བཞི་རྫོགས་པར་བསྐུར་བས་ས་དང་པོ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེས། དེ་ལྟ་བུ་ཞག་བདུན་གྱི་མཐར་ཉི་ཤུ་དགུར་སོང་བའི་ནུབ་མོ་ས་དྲུག་པའི་རྟོགས་པ་བྱུང་ངོ༌། །དེ་ལྟར་དབང་བཞི་རྫོགས་པར་བསྐུར་བས་དབང་གི་ཆུ་བོ་མ་ནུབ། ས་དང་པོ་དང་དྲུག་པ་ཚུན་ཆད་ཀྱི་རྟོགས་པ་སྐྱེས་པས་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད། སྔར་རྟོགས་སམ་དངོས་གྲུབ་ཏུ་ཚོར་བ་གང་ཡང་མ་བྱུང་བ་ལ་མི་འཚམས་པ་དུ་མ་བྱུང་བས་ཐུགས་མུག་པ་དེ་ཏིང་ངེ་འཛིན་གྱི་དྲོད་རྟགས་ཡིན་པར་འདུག་པ་ལ་སྡར་དམ་པའི་གསུང་གིས་