[A:༡༠༩]བོ་འདི་དོན་དུ་གཉེར་བ་ཡོད་དམ། མེད་བྱས་པས། རྒྱལ་པོའི་དམག་འདྲེན་པ་དང༌། བུར་ཤིང་འཐུ་བ་ལ་སོགས་པའི་ཚེ་ཆེ་བ་དོན་དུ་གཉེར། ཆུ་འགྲམ་གྱི་ཡུལ་སོགས་ཆུས་ཁྱེར་གྱིས་དོགས་པ་རྣམས་ཆུང་བ་དོན་དུ་གཉེར་བས་ཆུ་ཆུང་བ་འདོད་ཟེར། དེ་ནས་སློབ་དཔོན་གྱིས་ཁྱོད་ལ་ཆུ་བོ་འདི་རང་སྦྱིན་གསུངས་ནས་ཆུ་ལ་སྡིགས་མཛུབ་བསྟན་པས་ཆུ་བོ་གྱེན་ལ་ལོག་ནས་དེའི་ཚེ། གངྒཱའི་འགྲམ་ན་རྩྭ་ཁྱིམ་པ་ཡོད་པ་རྣམས་ནུབ་ལ་ཁད་སོང་བས་ཐམས་ཅད་འཇིགས་ཤིང་སྐྲག་པར་གྱུར་ཏེ། ཀོ་མཁན་གྱིས་འདི་ཡིས་བྱས་ཞེས་བརྗོད་པས་ཐམས་ཅད་སྐྲག་སྟེ། ལ་ལས་ནི་ནོར་བུ། ལ་ལས་ནི་གསེར། ལ་ལས་ནི་བ་ལང༌། ལ་ལས་ནི་མེ་ཏོག་གི་ཕྲེང་བ་ཕུལ་ཏེ་གསོལ་བཏབ་བོ། །དེ་ནས་སེ་གོལ་གཏོགས་པས་ཆུ་བོ་སྔར་བཞིན་དུ་བབས་ཏེ་དེའི་ཚེ། འཇིགས་པའི་དཔའ་བོ་ཀས་ནི་གངྒཱ་འཇིགས་པར་བྱེད། ཅེས་གླུ་བླངས་སོ། །དེའི་རྫས་རྣམས་ཀོ་མཁན་ལ་བྱིན་པས་མི་འདོད་པར་བོར་ནས་ཞབས་ལ་འཇུས་ཏེ་རྗེས་སུ་འཛིན་པར་ཞུས་པས་གནང་ནས་རྗེས་སུ་འབྲངས་སོ། །རྫས་རྣམས་ནི་རྩཱ་ཁྱིམ་པ་རང་རང་གིས་ལོངས་སྤྱོད་དོ། །དེ་ནས་ལྷོ་ཕྱོགས་བྷི་མེ་ཧ་ར་དང་ཉེ་བ་ཌཱ་ཀི་ནཱི་པ་ཏ་ཞེས་བྱ་བར་ཆང་འཚོང་མ་ཞིག་གི་ཁྱིམ་དུ་བྱོན་ནས། དཔོན་སློབ་གཉིས་ཀྱིས་ཆང་ཉོ་བྱས་པས། རིན་ཅི་ཡོད་ཟེར། རིན་མེད་བྱས་པས། རིན་མེད་པར་ཆང་འཚོང་བའི་ལུགས་མེད་ཟེར། ངེད་ངོམས་པར་གྱིས་དང༌། ཁྱོད་ཅི་འདོད་པ་སྦྱིན་གྱི། གསུངས་པ་དང༌། ཡིད་མ་ཆེས་ཏེ། ཇི་ཙམ་ན་སྟེར་དྲིས་པས། ཉི་གྲིབ་མཚམས་སུ་རི་མོ་ཞིག་བྲིས་ནས་འདི་སོང་མ་ཐག་ཁྱོད་ལ་རིན་སྦྱིན་ནོ་གསུངས་པས། ཉི་མ་གཏེའུ་མར་བཅུག་ནས་ཆང་རྣམས་ཟད་པ་དང༌། རིན་སློང་བྱས་པས། ད་དུང་ཉི་མ་མ་སོང༌། དེ་