[A:༡༡༡]པ་ལ། ཡང་ཡང་དུ་བསྙད་པས། རྒྱལ་པོའང་ཐེ་ཚོམ་དུ་གྱུར་ཏེ། མཆོད་གནས་རྣམས་སྤྱན་དྲངས་ནས་ཐམས་ཅད་ལྷ་རྟེན་ལ་ཕྱག་བྱེད་དགོས་ཟེར་བས། གཞན་རྣམས་ཀྱིས་ཕྱག་བྱས་པས། སློབ་དཔོན་བརྒྱད་སྟོང་པའི་པུསྟི་ལ་ཕྱག་བྱེད་ཀྱིན་འདུག་པ་ལ། རྒྱལ་པོས་ལྷ་རྟེན་ལ་ཕྱག་གྱིས་བྱས་པས། ངས་འདི་ལ་ཕྱག་བྱར་མི་བཏུབ་སྟེ། ལྷ་འདིས་ངའི་ཕྱག་མི་ཐུབ་བྱས་པས། འདི་འདོད་པའི་ཁམས་ན་ཆེ་བ་ཡིན་པས། ཕྱག་འཚོལ་ཟེར། དེ་ནས་ལྷ་རྟེན་ལ་རྒྱལ་པོ་སྡིག་ཅན་གཅིག་གིས་བདག་ལ་ཕྱག་མི་འཚལ་བའི་དབང་མེད་པས། ལྷ་ཁྱོད་བཟོད་པ་བཞེས་ཤིག །ཅེས་བརྗོད་ནས་ཐལ་མོ་གཡས་དཔྲལ་བར་བཞག་སྟེ། ན་མོ་བུདྡྷཱ་ཡ། ཞེས་བརྗོད་པས་ལྷ་རྟེན་གྱི་སུམ་ཆ་ཡན་ཆད་གས། མགྲིན་པར་བཞག་ནས། ན་མོ་དྷརྨཱ་ཡ། ཞེས་བརྗོད་པས་སུམ་གཉིས་གས། སྙིང་གར་བཞག་ནས། ན་མོ་སངྒྷཱ་ཡ། ཞེས་བརྗོད་པས་ཐམས་ཅད་གས། ཕྱོགས་བཞིར་ཕྱག་བྱས་པས་ཚལ་པ་བཞིར་གས་སོ། །དེ་ནས་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་ཤིན་ཏུ་སྐྲག་པར་གྱུར་ནས་ཞབས་ལ་འཇུས་ཏེ། སླར་གསོལ་བ་བཏབ་པས་ཕྱག་གིས་ལིངྒ་འཐོར་བ་རྣམས་བསྡུས་ཏེ། ལྷ་རྟེན་གྱི་སྤྱི་བོར་ཐུགས་རྗེ་ཆེན་པོའི་སྐུ་རྡོ་ལས་བྱས་པ་ནག་པོ་ཞིག་བཞག་ནས་འདི་ལ་ཕྱག་དང༌། བསྐོར་བ་དང༌། མཆོད་པ་གྱིས་ཤིག །གལ་ཏེ་ཐུགས་རྗེ་ཆེན་པོའི་སྐུ་འདི་བསལ་ནས་ཕྱག་དང་མཆོད་པ་བྱས་ན་ལྷ་རྟེན་འཇིག་པར་འགྱུར་རོ་ཞེས་བསྒོས་ནས་ལྷོ་ཕྱོགས་སུ་གཤེགས་པ་དང༌། དེར་བཞུད་པའི་དུས་སུ་རལ་པ་ཅན་རྣམས་ཀྱི་གསེབ་ནས་གཅིག་ཕྱིར་འབྲངས་པ་ནི་ནག་པོ་པ་ཡིན་ནོ། །དེ་ནས་བཞུད་པའི་ལམ་ན་ཕྱི་རོལ་པའི་ལྷ་རྟེན་ཡོད་པ་ཐམས་