[A:༣༢]པ་ལ་ཞུ་བ་མང་པོ་མ་བྱུང༌། སྒྱེར་སྒོམ་སེ་བོ། གཤེན་སྒོམ་རོག་པོ། འཕགས་པ་ཆོས་སྣང་གསུམ་གྱིས་ཞུས་པས་རྫོགས་པར་གནང༌། བསྒོམས་པས་ཏིང་ངེ་འཛིན་བཟང་པོ་སྐྱེས། སེ་རོག་གཉིས་ཀྱིས་དངོས་གྲུབ་ཅུང་ཟད་རེ་ཐོབ་སྐད་དོ། །དེ་ནས་འབྲོམ་ལས་གདམས་ངག་འཕེལ་བ་ནི་མེད་དོ། །འོ་ན་ལམ་འབྲས་འབྲོམ་ལུགས་ཟེར་བ་དེ་ཅི་ཡིན་སྙམ་ན། དེ་བྱེད་མཁན་ནི་ཇོ་མོ་འབྲོམ་མོ་བྱ་བ་འཕན་ཡུལ་བ་ས་ཆེན་གྱི་སློབ་མ་ཞིག་ཡིན་ཞིང༌། དེ་ལ་ལམ་འབྲས་རྫོགས་པའང་མེད་ལ། དེའང་ཞི་བྱེད་དང་རྫོགས་ཆེན་བསྲེས་པས་རྣམ་དག་མ་ཡིན་ཞིང༌། དམ་ཚིག་ཀྱང་མ་བསྲུངས་སྟེ། ཤངས་ཀྱི་ཆབས་ལྷ་ཁང་པ་ཆབས་སྟོན་ཆོས་དགའ་བྱ་བས། མདོ་སྡེ་ལ་ཞུ་རྟེན་དུ་བྱས་ནས་ལམ་འབྲས་ཞུས་པས་དེར་མི་འདོད་པར་ང་རང་གི་ཆོས་ལ་འབུལ་བ་བྱུང་བ་ཞིག་འདོད་ཟེར། དེར་ཆབས་སྟོན་གྱིས་ལྷོ་བྲག་ཏུ་བྱོན་པས་བསོད་ནམས་ཆེན་པོ་བྱུང༌། དེར་མོའི་ལམ་འབྲས་དེ་བཤད་པས་གཅིག་གིས་དངུལ་སྒ་བཟང་པོ་ཞིག་ཕུལ་ཏེ། བྱང་པའི་ཀོ་བའི་སྐ་རགས་ལ་དངུལ་གྱི་ཕྲ་བཅུག་པ་འདི་མོ་འདོད་པས་མ་ཕུལ། དེར་དཔོན་སློབ་གཉིས་མཐུ་རྒྱག་རེས་བྱས་ཟེར་རོ། །
ལྷ་བཙུན་ཀ་ལི་ནི་ཇོ་མོའི་མིང་པོ་ཡིན་པས་ཉེ་འབྲེལ་གྱི་སྟོབས་ཀྱིས་གདམས་ངག་ཚང་བར་གནང་སྟེ་འཕེལ་བ་ནི་མེད་དོ། །རྗེ་སེ་མཁར་ཆུང་བ་ནི་ཞབས་ཏོག་ཆུང་ཡང་ཡུན་རིང་བ་དང་སྤྱོད་ལམ་གྱིས་མཉེས་ནས་མན་ངག་ཐོབ་པ་ཡིན་གསུངས་སོ།།
༈ འདི་དག་གི་རྣམ་པར་ཐར་པ་ཞིབ་ཏུ་བརྗོད་ན་གཉིས། གསུང་ངག་ཇི་ལྟར་ཐོབ་པ་དང༌། ཡོན་ཏན་བརྙེས་པའི་ཁྱད་པར་རོ། །དང་པོ་ནི། སེ་འདིའི་འཁྲུངས་ཡུལ་མདོག་སྨད་ཀྱི་འབྲོག་པ། གདུང་རུས་ལྕེ་ཚོ་བྱ་བ་ལྕམ་སྲིང་ལྔ་ཡོད་པའི་ལྔ་ཚིགས་པ་ཡིན། ཁོང་བུ་ཚ་ཆུང་ཆུང་ཙ་ན་གནག་མ་སྨད་