[A:༥༠]ས་ལོ་བཅོ་བརྒྱད་བསྐྱངས། བླ་མའི་ཞལ་ནས་ཁྱོད་ཀྱི་ཕ་ཇོ་སྲས་ཀྱི་བུ་བྱ་བ་སློབ་གཉེར་བྱེད་དགོས། དེ་ལ་ཤེས་རབ་དགོས་པས། དེའི་ལྷ་འཕགས་པ་འཇམ་དཔལ་ཡིན་ཞིང༌། ཨ་ར་པ་ཙ་ན་འདི་སྒྲུབས་གསུངས་ནས། བསྒྲུབས་པས་ཟླ་བ་དྲུག་ན་འགྲུབ་སྟེ། དེ་ནས་དགུང་ལོ་བཅུ་གཉིས་པའི་དུས་སུ་ད་སློབ་གཉེར་གཅིག་ལ་གཏོང་བས་གང་དུ་བཏང་བ་དྲག་གྲོས་བྱས་པས། ཆོས་ཀྱི་བཤད་གཞི་ཆེ་བར་འདུག་པས་མངོན་པ་ཞིག་སློབ་ཏུ་བཏང་བ་དྲག་ཟེར་ཏེ། རོང་ངུར་སྨྲིག་ཏུ་བྱོན་པས་བྲང་ཏིའི་གྲྭ་པ་རྣམས་ཚོགས་ནས་བྲང་ཁང་ཟུར་པ་མེད་པས་སྲང་ཁ་ཕུག་རྡུགས་ཤིག་ཏུ་ཕྱ་རའི་ཡོལ་བས་བཅད་ནས་བཞུགས། ཁང་ཚན་གཅིག་ན་ཡར་འབྲོག་ཁོབ་ལེ་བའི་གྲྭ་པ་ཞིག་ལ་འབྲུམ་བུ་མེ་དཔལ་ནག་པོ་བྱུང་བ་ལ། ནད་གཡོག་མེད་པས་མ་བཟོད་ནས་གཡོག་མཛད་པས་དེས་ཕན་ཏེ་བླ་མ་ལ་འགོས་ནས་བསྙུངས། དེ་ཙ་ན་ས་སྐྱ་ན་ཨ་པོ་ཕག་སྟོན་བྱ་བ་མིག་མཐོང་ཡོད་པ་ཞིག་སྔ་དྲོ་ཉི་མ་ལ་འཐོན་ནས་བསྡད་ཙ་ན། ཤར་ཕྱོགས་གྲྭ་ཆུང་གོང་ཁ་ན་ཡར་རྟ་གྲོ་བོ་ཞོན་པ། ཞྭ་ཐང་ཞུ་ཕྱལ་ཐབས་ཅན་གོན་པ། ཕོད་ཀ་ཆེན་པོ་ཅན་ཞིག་ལྕགས་གཡོབ་ཀྱིན་ས་སྐྱའི་ཐད་ཀར་རྟ་ཁ་བསྒྱུར་ནས། ཀུན་དགའ་སྙིང་པོ་ན་ཡིན་ཡོད། ཁྱེད་ས་སྐྱ་པ་ཅི་མནོ་བ་ཡིན་ཟེར་བ་ཞིག་བྱུང་སྟེ། དེའི་ལོ་རྒྱུས་བསྙད་པས། ཨ་པོས་ཟེར་བ་བཞིན་ཡོང་གིན་ཡོད། ཕལ་ཆེར་བདེན་ལས་ཆེ་ཟེར། དེའི་དགོང་མོ་བང་ཆེན་པ་སླེབས། མ་གཅིག་གིས་ཀུན་དགའ་སྙིང་པོ་མ་ཤི་ན་རུང༌། ཤི་ན་ངའང་ས་སྐྱ་ན་འཁོར་རྒྱུ་མེད་བསམས་ནས་ཚོང་འཕྲུལ་བྱས་ཏེ་གསེར་ལ་སོགས་པ་རྫས་མང་པོ་ཁྱེར་ནས་བྱོན། མཇལ་བ་དང༌། སྐུ་ན་གཞོན་པ་དང༌། ཐག་རིང་