[A:༦༡]མཆོག་རྒྱལ་པོ་བླ་མ་སེའི་སློབ་དཔོན་ཡིན་པས་བརྒྱུད་པའི་དམ་ཚིག་ལ་དགོངས་ནས་གསུང་ངག་རིན་པོ་ཆེ་མ་ལུས་པ་གནང་ངོ༌། །མདོར་ན་ལམ་སྐོར་དགུ། ཕྲ་མོ་ཉི་ཤུ་རྩ་བརྒྱད། ཀྱེ་རྡོ་རྗེའི་རྒྱུད་རྐྱང་གི་བཤད་པ། གསང་བ་འདུས་པ། མཉམ་སྦྱོར་ལ་སོགས་པ་རྒྱུད་སྡེ་དེ་དག་དང་གདམས་ངག་མང་པོ་ལོ་བཞི་བཞུགས་ནས་གནང་ངོ༌། །གདམས་ངག་རྫོགས་ཏེ་སྒྲུབ་པ་ལུང་སྦྱིན་པའི་དུས་སུ་ལོ་བཅོ་བརྒྱད་ཀྱི་བར་དུ་ཆོས་འདི་གཞན་ལ་སྟོན་པ་ལྟ་ཞོག །འདི་འདྲ་ཡོད་པ་དང་ཤེས་པའི་མིང་ཙམ་ཡང་མ་འདོགས། ཡི་གེར་མ་འབྲི། དེ་ནས་གཞན་ལ་འཆད་དམ། ཡི་གེར་འབྲིའམ་གང་བྱེད་ཀྱང་ཁྱོད་རང་ཆོས་ཀྱི་བདག་པོ་ཡིན་གསུངས་ནས་བཀའ་རྒྱས་བཏབ། སྤྱིར་ཁྱོད་ཀྱིས་སྒྲུབ་པ་གཙོ་བོར་བྱས་ན་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། ཉན་བཤད་བྱས་ན་གདུལ་བྱ་དཔག་ཏུ་མེད་པའི་དོན་དུ་འགྱུར་ཞིང༌། ཁྱད་པར་དུ་ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་གྲུབ་པ་ཐོབ་པའི་སློབ་མ་གསུམ། བཟོད་པ་ཐོབ་པའི་རྣལ་འབྱོར་པ་བདུན། རྟོགས་པ་དང་ལྡན་པའི་རྣལ་འབྱོར་པ་བརྒྱད་ཅུ་ཙམ་འབྱུང་ཞེས་ལུང་བསྟན་ནོ། །དེར་བླ་མས་ལོ་བཅོ་བརྒྱད་དུ་བསྙེལ་གྱིས་དོགས་ནས་ཟླ་བ་རེ་ལ་གསུང་ངག་མ་ལུས་པ་ལ་བཤད་པའི་བསམ་མནོ་ཚར་རེ། ཉིན་ཞག་རེ་ལ་རྡོ་རྗེའི་ཚིག་རྐང་དྲུག་གམ་བདུན་འདོན་པའི་དམ་བཅའ་མཛད་ནས་བྱོན། དེ་ནས་ས་སྐྱར་བཞུགས་ཙ་ན་རྗེ་དགོན་པ་བ་བསྙུངས་ནས་ཤོག་གསུངས་པའི་ཕྲིན་བྱུང་བས་བླ་ཆེན་གྱིས་ཀྱང་རིངས་པར་བྱོན་ཏེ། སག་ཐང་སྡིངས་ཀྱི་ཕུ་རུར་སླེབས་ཙ་ན་ལ་སྤངས་དུག་གིས་དབུ་བསྙུངས་བ་དང༌། ས་འཕྱིས་པས་མ་སླེབས་པར་དེའི་ནུབ་མོ་དེ་ཀར་གཟིམས།