[A:༦༤]ཆད་སེལ་ཏེ། ཟླ་བ་དྲུག་ནས་འཕགས་པ་འཇམ་དཔལ་གྱི་ཞལ་དངོས་སུ་གཟིགས་ཏེ་མདོ་རྒྱུད་མན་ངག་དུ་མ་གསན་ནས་གཞན་ལ་སྟོན་པར་མཛད་དོ་ཞེས་གྲགས་སོ། །གཞན་ཡང་མལ་ལོ་ཙཱ་བ་སྐུ་གཤེགས་ནས་གུང་ཐང་དུ་བྱོན་ནས་བཞུགས་པའི་ཚེ། དུག་བྱུང་བ་ལ་བཟོ་མོ་རྩི་རྩིས་སྨན་དྲངས། གདམས་ངག་བྱིན་པས་དྭངས། དེ་ནས་གཡས་རུའི་གྲོང་ཆུང་དགོན་པར་བྱོན་པས་དུག་རོ་ལངས་ནས་ཟླ་བ་གཉིས་བསྙུངས་ནས་ཆོས་ཐམས་ཅད་བརྗེད་ནས་གཅིག་ཀྱང་མེད་པར་སོང་སྟེ། གྲོགས་པོ་ཞིག་ལ་དྲི་སའང་མེད། རྒྱ་གར་དུ་ཕྱིན་ཀྱང་རྒྱ་གར་ནའང་ཅི་འདྲ་ཡོད་ཆ་མེད་ནས་ཐུགས་མ་བདེ་སྟེ། ས་སྐྱར་བྱོན་ནས་བྲད་ཁང་རྙིང་མར་སྐུ་མཚམས་མཛད་ནས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་པས་ཐོང་རེ་དྲན་པ་བྱུང༌། དེ་ནས་རྗེ་དགོན་པ་བ་མནལ་ལམ་དུ་བྱོན་ནས་ཆོས་གསུངས། དེ་ནས་དངོས་སུ་བྱོན་ནས་ཆོས་གསུངས་པས་མ་ལུས་པར་དྲན་པ་བྱུང༌། ཡང་དུས་གཞན་ཞིག་གི་ཚེ་ས་སྐྱར་བཞུགས་ཙ་ན་རྣལ་འབྱོར་དབང་ཕྱུག་བྱོན་ནས་ས་དཀར་པོ་རྒྱབ་ཡོལ་གྱི་ཚུལ་དུ་བྱས། མ་གི་འབལ་གྲོག་ནས་ཡ་གི་མོན་གྲོག་མན་ཆད་སྐྱིལ་ཀྲུང་གཅིག་གིས་ཁེབས་པར་མཛད་ནས། འདི་ཐམས་ཅད་ང་དབང་གསུངས་ཏེ་ད་ལྟར་གྱི་མཁར་ལན་ལ་ལྟ་གསུང༌། དེ་དུས་རྒྱུད་སྡེ་བདུན་ཅུ་
ཁ་ཅིག་བཤད་ཐབས་ཡིན་ཟེར་
རྩ་གཉིས་དང༌། སྒྲུབ་ཐབས། ལམ་སྦས་བཤད། བླ་མའི་རྣལ་འབྱོར། གེགས་སེལ་གྱི་གནད། གྲུབ་ཆེན་བཅུ། རྣམ་འཇོམས། ཀྱེ་རྡོ་རྗེའི་ལུས་དཀྱིལ། བིརྺ་པ་ཉིད་ཀྱི་སྒྲུབ་སྐོར་ལ་སོགས་པ་ཆོས་མང་དུ་གསུངས་ཤིང་བྱིན་གྱིས་བརླབས་པ་ཡིན་ནོ། །ཡང་དགེ་བཤེས་གཉགས་ཀྱིས་བཟང་རྒྱུད་འབྲོག་པའི་གསེབ་ཏུ་བྱོན་ཙ་ན་ཇོ་