[A:༦༦]ཞུགས་ལ་བཞེན་པ་དེའི་ཚེ་སྤྱན་སྔ་ན་བཞུགས་པ་ཐམས་ཅད་ལའང་ཡིད་མི་བདེ་བ་མེད་པར་ཏིང་ངེ་འཛིན་དང་ལྡན་ཞིང་ཞལ་བཞི་པར་ནི་ཐམས་ཅད་ཀྱིས་མཐུན་པར་མཐོང་ལ། ཁ་ཅིག་གིས་ནི་དགྱེས་རྡོར་ཞལ་བརྒྱད་པར་ཡང་མཐོང་ཞེས་ཟེར་རོ།།
༈ གསུམ་པ་དེ་ལ་སློབ་མའི་མཆོག་ཇི་ལྟར་བྱུང་བ་ནི། སྒྱི་ཆུ་བ་ལས་དབང་ཞུས་པའི་སྟ་གོན་གྱི་མནལ་ལམ་རྣམས་དང༌། རྗེ་དགོན་པ་བས་ལུང་བསྟན་པ་གཉིས་མཐུན་པར་ཟམ་པ་གསུམ་ལས་དང་པོ་ལ་མི་གསུམ་བསྒྲལ་བ་ནི་ལུས་མ་སྤངས་པར་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་གྲུབ་པ་གསུམ་སྟེ། སིངྒ་གླིང་གི་གླིང་ཕྲན་ཞིག་ནས་འོང་བའི་ཨ་ཙ་ར་གཅིག །བྱང་ཆུབ་སེམས་དཔའ་སྟག །སྒོམ་པ་སྐྱི་འབར་བ་དང་གསུམ་མོ། །དང་པོ་ནི། སིངྒ་གླིང་ནས་མཁན་པོ་ཉན་ཐོས་དགྲ་བཅོམ་པ་ཞིག་གིས་བོད་ན་རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པ་ས་སྐྱ་པ་བྱ་བ་ཡོད་ཀྱི། དེ་ཅན་སོང་གསུངས་ནས་ལུང་བསྟན་ཏེ་ཨ་ཙ་ར་གཉིས་འོངས་པས་གཅིག་བལ་པོ་ནས་ལོག །གཅིག་བླ་ཆེན་གུང་ཐང་ན་ལ་རྩེ་ན་བཞུགས་པའི་ཚེ་འོང་ནས་དབང་ཞུས། ག་གུུ་ལ་ཞེས་པ་ཟབ་ཆེན་གྱི་བླ་བྲེ་བཟང་པོ་ཞིག་ཕུལ་ཏེ་ཁྲིད་ཕོག་ནས་བསྒོམས་པས་ཟླ་བ་གཅིག་ཙམ་ནས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་སྐྱེས། བདེན་པ་མཐོང་སྟེ་དཔལ་གྱི་རི་ལ་སོང་སྐད་དོ། །སྟག་ནི་སྒོམ་ཉམས་སྐྱོན་མེད་འབའ་ཞིག་སྐྱེས་པ་ཐོད་རྒལ་གྱི་ལམ་བགྲོད་པ་སྟེ། རེ་ཞིག་ལུས་བོར་བ་ལས་ཕྱིས་ལུས་དེ་ཉིད་ལ་ཞུགས་ནས་གྲུབ་པ་ཐོབ་ཅེས་ཞེས་གྲགས་སོ། །སྒོམ་པ་སྐྱི་འབར་བ་ནི་ཡུལ་འཕྲང་འོག་པ་སྟེ། ཁོང་གིས་དབང་དང་གདམས་ངག་ཞུས་ཏེ་བསྒོམས་པས་ཏིང་ངེ་འཛིན་མང་པོ་སྐྱེས། མངོན་ཤེས་བརྟན་པོ་དང་རྫུ་འཕྲུལ་ཅི་རིགས་པའང་ཡོད་པ་ལ། བླ་ཆེན་སྐུ་