[A:༨༣]ཆུད་པར་མཛད་དོ། །བཅོ་བརྒྱད་པ་ལ་ཨ་ཕྱི་འབུམ་པའི་དྲུང་དུ་སློབ་དཔོན་དབྱིག་གཉེན་ཡིན་ཟེར་བའི་དགེ་སློང་སྔོ་བསངས་དར་ཡོལ་ཞིག་གིས་མངོན་པ་མཛོད་ཚར་གཅིག་གསུངས་པ་གསན། མནལ་སད་པ་དང་ཚིག་དོན་མ་ལུས་པར་ཐུགས་སུ་ཆུད་པར་གྱུར། དུས་གཞན་ཞིག་ན་མནལ་ལམ་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཕུག་པ་ཡིན་ཟེར་བ་ཞིག་ཏུ་ཚད་མའི་པུསྟི་མང་པོ་འདུག་པ་ཀུན་གྱི་ལྡེའུ་མིག་གཏད་པ་རྨིས། དེའི་རྗེས་ལ་རྟོགས་པ་ཁྱད་པར་ཅན་སྐྱེས་སོ། །བཅུ་དགུ་པ་ལ་འཕྲང་དུ་དགེ་བཤེས་ཞུ་ལས་བྱམས་ཆོས་དང་ཚད་མ་གསན། ཉི་ཤུ་པ་ལ་རྐྱང་འདུལ་དུ་མཚུར་གཞོན་སེང་ལས་ཚད་མ་གསན་དུ་བྱོན་པས། ཉམས་ཁྲིད་ཚར་གཅིག་ལ་ཚིག་དོན་མ་ལུས་པར་ཐུགས་སུ་ཆུད་དེ་བཤད་པར་ཞུས་པས་ཁོང་རང་གི་བློའི་རྒྱས་བཀབ་ནས་མགོ་མ་ཐོན་དོགས་ནས་ད་དུང་ཉོན་གསུངས་ནས་སྟོད་ཚར་གཅིག་དང༌། སྨད་ཚར་གཉིས་ཉན། དེ་དུས་ན་མཚུར་ན་རེ། ལྡོག་པ་ཤ་མོའི་སུལ་བཞིན་ཡོད་ཟེར་བས་རྒྱ་གར་བའི་བཤད་ལུགས་རང་འདི་མིན་སྙམ་པ་དེ་དུས་ནས་བྱུང་གསུང༌། དེ་ནས་ཆོས་རྗེ་པ་རང་གི་ཡང་སློབ་དཔོན་གཅུང་བསྙུང་ཟེར་ནས་ཡར་བྱོན་པས་ཁོང་སྐུ་གཤེགས། དེར་རྗེས་ཀྱི་བྱ་བ་མཛད་དགོས་པས་མཚུར་ལ་ད་ལོ་བདག་བཤད་གསར་བྱེད་པ་ལགས་པས་ཆོས་ཞག་འགའ་འཐེན་མཛད་པ་ཞུ་ཞེས་ཕྲིན་བསྐུར་བས། སློབ་དཔོན་དེ་བཞིན་བཞེད་ཀྱང་གྲྭ་པ་ཚོ་མ་ཉན་ཏེ། ཆོས་རྗེ་པ་ལ་སློབ་དཔོན་ཐུགས་ལ་འདོགས་པས་དེ་གྲྭ་པ་ཚོས་མི་ཐེག །ཁྱད་པར་དུ་ཡ་མ་སྟག་ཐེང་བྱ་བས་འཛུགས། ཁྱོད་ལ་ས་སྐྱ་པས་ཆོག་ན་ངེད་ཚོ་གྱེས་སོ། །ངེད་ཀྱང་དགོས་ན་ཆོས་ཤོད་ཟེར། དེར་བཤད། དེ་ནས་ཆོས་རྗེ་པས་རྣམ་གཞག་གི་ཡོ་བྱད་མང་པོ་བསྣམས་