[A:༨༤]བྱོན་ནས་དབྱར་ཆོས་བར་འཁོར་དུ་བྱུང་སྟེ་དེར་རྣམ་གཞག་རྒྱ་ཆེན་པོ་མཛད། བཀའ་རྒྱས་འབྲིང་བསྡུས་གསུམ་ཕུལ་བས། སློབ་དཔོན་ན་རེ། ཆོས་དབུ་ནས་བསྐྱར་ལ་བཤད་གསུངས་པས། མི་འཚལ་བྱས་ཏེ། སློབ་དཔོན་གྱི་གསུང་ལ་མ་བརྟེན་པར་དབུ་ནས་གཅིག་བཙུགས། གཞན་དོན་ནས་གཅིག་བཙུགས་ཏེ་ཉིན་རེ་ལ་ཆོས་ཐུན་གཉིས་གཉིས་བཤད་པས་ཟླ་བ་གཅིག་ལ་རྣམ་ངེས་ཚར་གཅིག་ཐུགས་ལ་གསུངས་པས་གྲལ་ལ་ཡོད་པ་ཐམས་ཅད་ངོ་མཚར་དུ་འཛིན་པ་བྱུང༌། དེ་ནས་སློབ་དཔོན་དེ་ཉིད་ལས་ཕྱིས་དབུ་མ་རིག་ཚོགས་ཀྱང་གསན། དེ་ནས་ས་སྐྱར་བྱོན་ནས་གསེར་དང་འབུལ་བ་མང་པོ་རྐྱང་འདུལ་དུ་མར་ལ་སྐྱེལ་དུ་བྱོན་པའི་ལམ་ཁ་ཆུ་མིག་རིང་མོར་བླ་མ་ཁ་ཆེ་པཎ་ཆེན་དང་མཇལ། ཚད་མ་ཆོས་མཆོག་གསུངས་པའི་འཕྲོ་ལ་སླེབས། དེར་བོད་དཔེ་བཀྲམ་ནས་གསན་པས། བླ་མའི་ཞལ་ནས། བོད་དཔེ་བཀྲམ་པས་ཅི་ལ་ཕན་གསུངས་པ་ལ། བདག་རང་ལ་ཕན་པར་གདའ་བྱས་ཏེ་བོད་དཔེ་ལ་རྒྱ་སྐད་དུ་བསྒྱུར་ཏེ་བཀླགས་པས་ཤིན་ཏུ་མཉེས་སྐད། དེ་དུས་པཎ་ཆེན་གྱི་སློབ་མ་དཱ་ན་ཤཱི་ལ་ལ་སྒྲ་ཚད་དང༌། བལ་པོ་སཾ་གྷ་ཤྲཱི་ལ་སྒྲ་ཚད། སྡེབ་སྦྱོར། སྙན་དངགས། བཞི་བརྒྱ་པ། མངོན་རྟོགས་རྒྱན། དབང་མདོར་བསྟན་རྣམས་གསན་ནོ། །དེར་ཆོས་རྗེའི་ཞལ་ནས་ང་བསོད་ནམས་ཆེ་སྟེ་རྒྱ་གར་ཤར་ནུབ་ན་སཾ་གྷ་ཤྲཱི་སྒྲ་མཁས་པར་འདུག་སྟེ་རྩོལ་མེད་དུུ་ངའི་གམ་དུ་བྱུང་གསུངས། དེ་ནས་རྐྱང་འདུལ་དུ་འབུལ་བ་བསྐྱལ་ནས་ཡར་བྱོན་ཙ་ན་པཎ་ཆེན་དབུས་སུ་གཤེགས་ཏེ། དེའི་བར་མ་སུ་ག་ཏ་ཤྲཱི་ས་སྐྱར་སྤྱན་དྲངས་ནས་ལོ་གཉིས་སུ་སྒྲ་ཚད། སྙན་ངགས། སྡེབ་སྦྱོར། མངོན་བརྗོད། ཟློས་གར། ཕྱི་རོལ་པའི་རྟོག་གེའི་བསྟན་བཅོས་འགའ་ཞིག་