[A:༨༧]པ་ལས་འབྱུང་བ་ལྟར་དགོས་བསྡུས། ཚིག་དོན་མཚམས་སྦྱར། བརྒལ་ལན་གྱི་སྒོ་ནས་གཞུང་མཐའ་དག་ལེགས་པར་གཏན་ལ་འབེབས་ཤིང༌། དྲིས་པའི་ཚེ་སྤོབས་པ་ཐོགས་པ་མེད་པ་སྐབས་སུ་བབས་པའི་ལན་ཆོས་དང་མཐུན་པར་འདེབས་ལ། རིག་པའི་གནས་ལྔ་གང་འཆད་ཀྱང་མཁས་པ་རྣམས་ཀྱི་ཡིད་འཕྲོག་པར་མཛད་པ་དང༌། མི་མ་ཡིན་པ་དག་གི་ཐེ་ཚོམ་གྱི་དྲྭ་བའང་གཅོད་པར་མཛད་པ་ཡིན་ནོ། །དེའང་ཆོས་རྗེ་པ་བསམ་ཡས་སུ་བྱོན་པ་དང༌། བཙད་པོས་ཆོས་འཁོར་ལ་སྤྱན་དྲངས་ནས་ལམ་འབྲས་ཨ་ཐོར་ཐོན། རྒྱུད་ཀྱིའང་བརྟག་པ་ཕྱི་མའི་ལེའུ་ལྔ་པ་ཐོན་ཙམ་ན་སྲིན་པོ་རི་པ་དང༌། ཡོན་མཆོད་ཀྱི་འབྲེལ་ཟབ་པར་ཡོད་པས་བཙུན་སྟོན་གྱི་གྲལ་མགོ་ལ་གདན་འདྲེན་དུ་བྱུང༌། སྤྱིར་ཡང་དབུས་ན་དགེ་བཤེས་ཆེ་བ་རེ་སྤྱན་འདྲེན། འབུལ་བ་ཚོའང་དེ་ལ་བྱེད། དེས་ཀྱང་ཐབ་ཀ་བྱེད་དགོས་ཟེར། དེར་གཞུང་ལྷག་མཚོ་བཀླགས། དེ་ནས་ཆོས་དང༌། གྲོས་དང༌། བྱིན་རླབས་ཞུ་བ་མང་པོ་བྱུང༌། དེར་གོ་བ་ཆེ་ཤོས་ཤིག་ན་རེ། འོ་ཅག་གི་ཞུ་དོན་ལ་ཚར་བ་མི་འོང༌། ད་ལྟ་རང་བཞུད་པ་ཡིན། སྐུ་ཁམས་ལྡོག །འདེང་ཟེར་སོང༌། དེར་ཉེ་གནས་ཀྱིས་ཕྱི་ནས་སྒོ་ལྕག་བཅུག་སྟེ་ཙོག་གེ་བ་ཞིག་ལ་མནལ་ལོག་པས། མནལ་ལམ་དུ་མི་སྐྱ་བཤར་ཚན་ཞིག་བྱུང་ནས་ཕྱག་མཚལ། ཕྱག་རྟེན་ཕུལ་ནས། གྲལ་མགོ་མ་ན་རེ། ཆོས་རྗེ་པ། སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་པོ་འདིས་སེམས་ཅན་ཐམས་ཅད་སྡུག་བསྔལ་བར་མི་གདའ་ཡེ་ཟེར། དེ་དེ་བཞིན་དུ་འདུག་གསུངས་པས། འོ་ན་འདི་ལ་ཕན་པའི་གསོལ་འདེབས་འདྲ་མི་བདོག་གི་ཟེར་བས། འོ་ན་འདི་བཞིན་གསོལ་བ་ཐོབ་གསུངས་ཏེ། སྐྱེ་བ་སྐྱེ་བ་མེད་པའི་ཚུལ་རྟོགས་ཀྱང༌། །ད་དུང་སྐྱེ་བའི་གཟེབ་