[A:༩༤]ཅིང་ཐུགས་སུ་ཆུད་ནས། དགྱེས་རྡོར་དང་ཕུར་པ་ལ་ཐུགས་དམ་དུ་མཛད། ནག་པོ་ཆེན་པོ་ལྕམ་དྲལ་བྲན་དུ་ཁོལ་བ་ཞིག་སྟེ། དེ་ལྟ་བུའི་བླ་མ་དེ་ཤིང་ཕོ་འབྲུག་ལ་འཁྲུངས་ནས་ས་མོ་ཕག་ལོ་དགུང་ལོ་ང་དྲུག་བཞེས་པའི་དུས་སུ་རྒྱལ་གྱི་ཟླ་བའི་ཉི་ཤུ་གཉིས་ལ་དག་པའི་སྣང་བ་མང་པོ་གཟིགས་ཤིང་བླ་མ་དང་ཡི་དམ་དབྱེར་མེད་པའི་དགོངས་པ་མཛད། ཁྱེད་རྣམས་བླ་མ་འདི་སངས་རྒྱས་དངོས་སུ་འདུག་པས་ཐེ་ཚོམ་མ་བྱེད་པར་མོས་གུས་གྱིས་གསུངས་ཏེ། ངའང་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྤང་རི་ཆེན་པོ་ཞིག་གི་འདབས་སུ་གདུལ་བྱ་འགའ་རེ་ལ་དབང་བསྐུར་ཞིང་སྦས་པའི་རྣལ་འབྱོར་གྱིས་ལམ་ཟབ་མོ་ཉམས་སུ་ལེན་པ་ཞིག་ཏུ་སྐྱེ་བར་འདུག་གསུངས་ནས། བླ་མ་དང་ཡི་དམ་དབྱེར་མེད་པ་ལ་མོས་གུས་རྩེ་གཅིག་ཏུ་མཛད་དེ་ཐུགས་དམ་གྱི་ངང་ལ་སྐུ་གཤེགས་སོ། །འདི་ལ་སྲས་བཞི་ཡོད་པའི་ཆེ་ཤོས་ནི་བླ་མ་དེ་ཉིད་དེ། འདིའི་རྣམ་ཐར་ལ། གཞོན་ནུའི་དུས་ན་ཇི་ལྟར་མངའ་བའི་ཡོན་ཏན། ནར་སོན་པ་ན་བསྟན་པ་ཇི་ལྟར་སྐྱོང་བ། སྐུ་ཚེའི་མཐར་ངོ་མཚར་བའི་མཛད་པ་མཛད་ཚུལ། སློབ་མའི་མཆོག་ཇི་ལྟར་བྱུང་བ་དང་བཞིའོ། །དང་པོ་ནི། ཡུམ་གྱི་ལྷུམས་སུ་ཞུགས་པ་དང༌། བལྟམས་པ་ན་ངོ་མཚར་བའི་ལྟས་བཟང་པོ་དང་བཅས་ཤིང༌། ཆུང་ངུ་ནས་འབྲི་ཀློག་ལ་སོགས་པ་རིག་པའི་གནས་མང་པོ་ལ་འགའ་ཞིག་མ་བསླབས་པར་མཁྱེན། འགའ་ཞིག་དཀའ་ཚེགས་མི་དགོས་པར་མཁྱེན་ལ། སྔོན་གྱི་གནས་དྲན་པའི་མངོན་ཤེས་ཀྱང་མངའ་སྟེ། འདིའི་སྔ་མའི་སྐྱེ་བ་སྤྱན་རས་གཟིགས་དང་གསུང་གླེང་མཛད་པར་གྲགས་པའི་སེ་སྟོན་རི་པ་ཡིན་པས། དེ་ཡིན་མིན་བརྟག་པའི་ཆེད་དུ་སེ་སྟོན་རི་པའི་སློབ་མ་གཉིས་ཀྱིས་བལྟར་འོངས་པས་བླ་མ་འདི་བྱིས་པའི་ཁྲོད་ན་རྩེ་ཞིང་