R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • ཤོག་ལྷེ། (མ་དཔེ། A): ༥༧༢
[A:༥༧༢]
ཁྱད་པར་ཕུལ་བྱུང་གི་རྒྱན།
ཨེ་ཝཾ་ཆོས་ལྡན་ལོངས་སྤྱོད་རྫོགས་སྐུའི་ཞིང༌། །འདི་ནི་ས་ལ་གནས་པའི་འོག་མིན་ཞེས། །རིག་པ་འཛིན་པ་ཀུན་དུ་དགའ་བའི་དབྱངས། །དབྱར་སྐྱེས་སྤྲིན་གྱི་རྔ་སྒྲས་མཚོན་མ་གྱུར། །
གཟུགས་ཅན་རྒྱན་ནི།
དེ་ལྟར་ཡོན་ཏན་རྒྱས་པའི་དྲི་བཟང་སྤོས། །དབང་པོ་ཀུན་ནས་ཚིམ་པའི་བྷྲ་མ་རཿ། །ཉམ་ཆུང་འདི་ཀོ་དད་པའི་འདབ་བརྐྱང་སྟེ། །བསྟོད་ཚིག་མགྲིན་པའི་པི་ཝང་ཅུང་ཟད་བརྡུང༌། །
གཟུགས་ཅན།
རྗེ་བཙུན་ཀུན་དགའི་ཐུགས་དགོངས་ཟབ་པའི་མཁར། །རྣམ་པར་རྒྱལ་མའི་ལུང་བསྟན་བདུད་རྩིའི་ཟེར། །ཐུགས་རྗེའི་དྲི་བཞོན་གར་གྱི་རོལ་མོ་ལས། །དགེ་མཚན་འོད་དཀར་བྱེ་བས་སྒེག་པའི་དཔལ། །
ས་གཞིའི་དབྱིབས་ལ་སེམས་མེད་ཀྱི་རབ་བརྟགས།
རྒྱལ་ཀུན་བྱིན་རླབས་འདུས་པའི་ལྷུན་པོ་ནི། །གྱེན་དུ་འདེགས་བཞེད་ནོར་གྱི་བློ་གྲོས་མ། །རང་གཟུགས་དམན་པ་བཏང་ནས་དགེ་བའི་ལུས། །འདབ་རྒྱས་པདྨའི་དཀྱིལ་འཁོར་ཡངས་པར་སྤྲུལ། །
བཞིན་སྒྲ་ཅན་གྱི་རབ་བརྟགས་ནི།
དེ་མཐོང་ལྷ་རྣམས་བཞད་པའི་ངོ་མཚར་ལ། །འགྲན་པ་བཞིན་དུ་ཁྱབ་འཇུག་རྩེ་བའི་གནས། བཻཌཱུརྱ་སྔོན་མ་རྒཏ་འཇོ་སྒེག་བཅས། །རྩིབས་བརྒྱད་འཁོར་ལོའི་གཟུགས་ཀྱིས་བླ་ནས་ཕུབ། །
ཕྱོགས་ཀྱི་དགེ་མཚན་ལ་སྲིད་པ་ཅན་གྱི་རྒྱན་ནི།
དེ་ཚེ་ཕྱོགས་ཀྱི་མཛེས་མའི་འགྲམ་པ་ལ། །བཀྲ་ཤིས་རྟགས་ཀྱི་བྱེད་པོ་སྣང་བརྙན་བརྒྱད། །བྲིས་པ་མེད་པར་རྣམ་བཀྲའི་མཛེས་སྡུག་གིས། །བྱེད་པོའི་རྫུ་འཕྲུལ་པིར་ཡང་སྐྱེངས་པ་སྙམ། །
གཟིགས་ལམ་གྱི་སྤང་རི་ལ་རབ་བརྟགས།
མ་ར་ཀ་ཏའི་
རིན་པོ་ཆེ་ལྗང་གུ།
མདངས་ཚོགས་རྒྱས་པའི་ཚོན། །ཕྱོགས་ཀུན་ཁྱབ་པར་སྦྲེལ་བའི་ནེའུ་ཐང༌། །ཉོན་མོངས་རྩུབ་པོའི་རེག་བྱ་སྐྱོབ་པའི་ཆེད། །ཆུ་ལྷའི་བླ་གོས་ས་ལ་བཀྲམ་པ་བཞིན། །
གྲོག་སུལ་དམར་བའི་མཚོན་བྱེད་ངེས་བསྟན་གྱི་རྒྱན།
བསྡུ་དངོས་བཞི་ཡིས་སྐལ་བཟང་གདུལ་བྱའི་ཁམས། །མ་ལུས་དབང་དུ་བསྡུས་པས་དབང་གི་མདངས། །བྱུ་རུའི་འཁྲི་ཤིང་དཀྲིས་པའི་ནགས་ཀླུང་ལྟར། །རི་བོའི་སལ་སུལ་ཕར་ཆེར་དམར་བའི་མདོག །
ཆུ་ཕྲན་སྣ་ཚོགས་འབབ་ཚུལ་ནི།
ཤང་ཤོང་རི་སུལ་ཤེལ་གྱི་འབབ་སྟེགས་ལས། །