[A:316]ལ་ནི་ཐོས་བསམ་གྱི་བྱ་བ་ཁོ་ནས་དུས་ཡོལ་ནས། རྩེ་གཅིག་ཏུ་བསྒྲུབ་པ་ལ་གཡེལ། ལ་ལ་ནི་ཐོས་བསམ་གྱི་བྱ་བ་བཤོལ་ནས་དབེན་པའི་གནས་སུ་བསྒྲུབ་པ་ཁོ་ན་ལ་གཤེགས་པར་མཛད་མོད། དུས་རྟག་པར་འཁོར་ཚོགས་རྒྱ་མཚོའི་དབུས་སུ་བཞུགས་ནས་ཐོས་བསམ་བསྒོམ་གསུམ་གྱི་མཛད་པ་ཆ་མཉམ་དུ་མཐར་ཕྱིན་པར་མཛད་པས་གྲུབ་པའི་ས་བརྙེས་པ་ནི། བདག་ཉིད་ཆེན་པོ་འདི་ལས་གཞན་ཁ་བ་ཅན་འདིར་བྱོན་པ་མེད་དོ༎
མདོར་ན་བདག་ཉིད་ཆེན་པོ་འདི་ལ་ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་སྦྱོར་ལམ་པ་དང། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་རྣམས་དང། ས་དང་པོ་ནས་ལྔ་པའི་བར་གྱི་ཡོངས་སྦྱོང་དུ་བཤད་པ་དེ་ཐམས་ཅད་ཚང་བར་ཐུགས་རྒྱུད་ལ་བཞུགས་པར་མངོན་སུམ་གྱིས་གྲུབ་པས་ས་ཐོབ་པའི་སེམསསོམས་དཔའ་ཆེན་པོར་གདོན་མི་ཟའོ༎
དེ་དག་ལ་འདི་ལྟར།
ཁྱེད་ཀྱི་བཟང་པོའི་ཡོན་ཏན་རྒྱ་མཚོའི་རླབས༎
མི་བསྲུན་ཕྲག་དོག་རྟ་གདོང་མེས་མི་ནོན༎
ལྕེ་བརྒྱ་ལྡན་པའི་ཆུ་འཛིན་གྱིས་བླངས་ནས༎
ཕྲིན་ལས་ཆར་ཆེན་རྟག་པར་འབེབས་ལ་བརྩོན༎
1.2.5
མཁས་པའི་བྱ་བ་གསུམ་གྱིས་རྒྱལ་བའི་བསྟན་པ་ལ་བགྱི་བ་མཛད་པའི་ཚུལ།
ལྔ་པ་མཁས་པའི་བྱ་བ་གསུམ་གྱིསགྱི་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལ།
འཆད་རྩོད་རྩོམ་གསུམ་མཁྱེན་པའི་རྣམ་དཔྱོད་ཀྱིས༎
གདོང་མཛེས་མཚར་བའི་ལང་ཚོ་གཡོ་ལྡན་པ༎
ཐུབ་བསྟན་དངུལ་དཀར་དངས་པའི་མེ་ལོང་དུ༎
གསལ་བར་ཤར་བ་ཁྱོད་ལ་ཕྱག་འཚལ་ལོ༎
འདི་ལ་དོན་གསུམ་སྟེ། 1.2.5.1
འཆད་པ་ཚངས་པའི་རྔ་ཆེན་གྱིས་སྐལ་ལྡན་གྱི་སློབ་མ་ཇི་ལྟར་བཟུང་བའི་ཚུལ། 1.2.5.2
རྩོད་པ་སེང་གེའི་ང་རོས་ཕྱི་རྒོལ་གྱི་གླང་པོ་ཇི་ལྟར་བཅོམ་པའི་ཚུལ། 1.2.5.3
རྩོམ་པ་ནོར་བུའི་དོ་ཤལ་གྱིས་ཐུབ་བསྟན་གྱི་ཁང་བཟངས་ཇི་ལྟར་བརྒྱན་པའི་ཚུལ་ལོ༎
1.2.5.1
འཆད་པ་ཚངས་པའི་རྔ་ཆེན་གྱིས་སྐལ་ལྡན་གྱི་སློབ་མ་ཇི་ལྟར་བཟུང་བའི་ཚུལ།
དང་པོ་ནི།
རིགས་ཤིང་གྲོལ་བའི་སྤོབས་པ་མ་དྲོས་མཚོ༎
གྲགས་པའི་ཆུ་བོས་ཕྱོགས་བརྒྱར་དྲངས་གྱུར་ཀྱང༎