[A:༥༡ན]འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོའི་ས་ཐོབ་པར་བྱེད་པའི་ཐབས་ལེགས་པར་ཤེས་པས། བརྩོན་འགྲུས་ཅན་ལུས་འདི་ཉིད་མ་སྤངས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་ལམ་དུ་བཀྲི་བར་ནུས་པ་དང་། གཞན་ཡང་རྒྱ་གར་གྱི་གྲུབ་པ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ལ་གྲགས་པའི་གདམས་ངག་ཕལ་ཆེ་བ་དང་། བོད་བགྲེས་པོ་རྣམས་ལ་གྲགས་པའི་བཀའ་གདམས་དང་། ཞི་བྱེད་དང་། རྫོགས་ཆེན་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ནས་གཅོད་ཀྱི་བར་དུ་ཡོངས་སུ་གྲགས་པའི་གདམས་ངག་ཐམས་ཅད་ཐོས་ཤིང་ཁོང་དུ་ཆུད་པ་དང་། ལམ་དེ་དག་གིས་རིམ་གྱིས་པ་དང་ཅིག་ཅར་བར་གྲགས་པའི་འཇུག་ཚུལ་ཐམས་ཅད་ཀྱང་ཤེས། དེ་དག་གི་ནོར་བ་དང་མ་ནོར་བའི་གནད་ཐམས་ཅད་ཀྱང་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད། དེ་དག་གི་དམིགས་པ་འགའ་ཞིག་གིས་ནི་ཞི་གནས་ཙམ་བསྐྱེད་ནུས། ལ་ལས་ནི་ནད་ཕྲ་མོ་ཙམ་སེལ་ནུས། ལ་ལས་ནི་མི་མ་ཡིན་པའི་འཇིགས་པ་ཐམས་ཅད་ལས་སྐྱོབ་ནུས། ལ་ལས་ནི་ཕན་སེམས་ཙམ་བསྐྱེད་ནུས། ལ་ལས་ནི་སྤྲོས་བྲལ་གྱི་རྟོགས་པ་ཕྱོགས་རེ་ཙམ་བསྐྱེད་ནུས། ལ་ལས་ནི་གཟུགས་མེད་པའི་ཁམས་སུ་འཕེན་པ་ཙམ་ནུས། ལ་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ཙམ་ལ་འཇུག་ནུས། ལ་ལས་ནི་བསྐལ་པ་གྲངས་མེད་པ་གསུམ་ཕན་ཆད་དུ་རིམ་གྱིས་འཚང་རྒྱ་བའི་རྟེན་འབྲེལ་ཙམ་བྱེད་ནུས། ལ་ལས་ནི་འཇིག་རྟེན་པའི་གྲུབ་པ་ཆེན་པོ་བརྒྱད་ཙམ་བསྒྲུབ་ནུས། ལ་ལས་ནི་འཇིག་རྟེན་ལས་འདས་པའི་གྲུབ་པ་ཆེན་པོ་མཐོང་བའི་ལམ་གྱི་ཡེ་ཤེས་བསྐྱེད། དེ་ཡན་ཆད་བསྐྱེད་ནས་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་