[A:༥༡བ]ཆེན་པོའི་གོ་འཕང་ཐོབ་པའི་ནུས་པ་ཡོད་དེ། དེ་དག་གི་རྣམ་པར་དབྱེ་བ་ཡང་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་བདག་ཅག་གི་ཆོས་ཀྱི་རྗེ་དཔལ་ས་སྐྱ་པ་ཆེན་པོའི་བཀའ་དྲིན་གྱིས་དཔྱིས་ཕྱིན། ལྷག་མ་མ་ལུས། ཐེ་ཚོམ་མི་ཟ་བར་རྟོགས་པས་ནང་གི་ཤེས་བྱ་ཀུན་རིག་ཅེས་སྨྲས་པ་ཡིན་ནོ་ཞེས་གསུངས་པ་དེ་ཐམས་ཅད་ཀྱི་དོན་བསྡུས་པ་ནི། རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །ཞེས་སྨོས་ཏེ། རྟོག་པ་དང་དཔྱོད་པ་ཕྱིན་ཅི་མ་ལོག་པའི་བློ་གྲོས་ཀྱི་ཚིག་དང་། དོན་གྱི་འགལ་འབྲེལ་ཕྲ་བ་དང་། ཆེས་ཤིན་ཏུ་ཕྲ་བའི་དོན་སྔར་ཡོངས་སུ་གྲགས་པ་དང་། མ་གྲགས་པའི་ཤེས་བྱའི་གནས་ལ་བློ་ཞན་པ་འགའ་ཞིག་གིས་ཡུན་རིང་པོར་འབད་དུ་ཟིན་ཀྱང་ལེགས་པར་རྟོགས་མ་ནུས་པ་དག་ཀྱང་། ཚེགས་ཆུང་ངུའི་བདེ་བླག་ཏུ་རྟོགས་ཤིང་ཁོངས་སུ་ཆུད་པས། ཤེས་བྱའི་གནས་ལྔར་གྲགས་པ་དེ་དག་ལ་མཁས་པ་རྣམས་དང་ཕན་ཚུན་བརྩད་ཅིང་དྲིས་ན་བརྗོད་བྱ་དང་མཐུན་པར་ལན་འདེབས་པར་ནུས་པ་མྱོང་བས་གྲུབ་པས། རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །ཞེས་སྨྲས་པ་ཡིན་ནོ། །མཚུངས་པ་མེད་པ་དེའང་རང་གི་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྒོ་ནས་རྩོམ་པ་དང་། རྩོད་པ་དང་། འཆད་པ་ལ་དེ་དག་གི་སྤོབས་པ་ཉམས་སུ་ལོན་པ་དང་། ཡུལ་དང་། དུས་དང་། གང་ཟག་གི་ས་མཚམས་བཟུང་ནས་སྨྲས་ཀྱི། ཡུལ་དང་། དུས་དང་། རང་བཞིན་གྱིས་བསྐལ་བའི་གང་ཟག་སྤོབས་པ་ཉམས་སུ་མ་ལེན་པ་དེ་དག་ལ་དགག་པ་དང་བསྒྲུབ་པ་ག་ལ་ནུས། དེས་ན་མཚུངས་པ་དང་མི་མཚུངས་པའི་རྣམ་པར་དབྱེ་བ་བྱས་སོ། །འཇིག་རྟེན་པ་ཕལ་ཆེ་བའང་མཚུངས་པ་དང་མི་