[A:༢༡༩བ]མཛད། ཆོས་རྗེ་བླ་མས་རིན་ཆེན་སྒང་སྒོས་ཀྱི་གདན་སར་བསྐོས་ནས། གདན་ས་ཆེན་པོ། བོ་དོང་ཨེ། རྟ་ནག་རི་ཁུང་། ཤངས་སྲེག་ཤིང་། སྟག་ཚང་རྫོང་ཁ། བསམ་ཡས། ཆོས་རྫོང་སོགས་སུ་མདོ་སྔགས་ཀྱི་འཆད་ཉན་དཔག་ཏུ་མེད་པ་མཛད་ནས་སྐལ་ལྡན་མང་པོ་ཐར་པའི་ལམ་ལ་བཀོད་དེ། སྙན་པའི་གྲགས་པས་ས་ཆེན་པོ་ཁྱབ་པའི་སྐབས་སུ། གོང་ནས་རྒྱལ་པོ་ཆེན་པོའི་ལུང་གིས་སྤྱན་འདྲེན་གྱི་གསེར་ཡིག་པ་མངགས་ནས་གདན་དྲངས་ཏེ་གོང་ལ་ཕེབས། རྒྱལ་པོ་ཆེན་པོའི་ཏི་ཤྲཱི་མཛད་ཅིང་རྒྱལ་བློན་འབངས་དང་བཅས་པ་ཐམས་ཅད་བདེ་བ་ལ་བཀོད། དེ་ལྟར་མཛད་པ་རྒྱ་ཆེན་པོ་ཞིག་མཛད་ནས། དགུང་ལོ་སོ་གཅིག་པ་ལ་མེ་ཏོག་ར་བའི་སྡེ་ཆེན་པོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞི་བར་གཤེགས།
བླ་ཆེན་བསོད་ནམས་བློ་གྲོས་པ་སྐུ་མཆེད་གསུམ་གྱི་བར་པ་གཞོན་ནུ་ལ་གཤེགས་ཤིང་།
སའི་ལེན་དབང་གྲགས་པ་རྒྱལ་མཚན།
གཅུང་ནི་སའི་ལེན་དབང་གྲགས་པ་རྒྱལ་མཚན་ཞེས་བྱ་བ་སྟེ། བདག་ཉིད་ཆེན་པོ་འདི་ནི་མེ་ཕོ་བྱི་བའི་ལོ་ལ་སྟག་ཚང་རྫོང་ཁར་སྐུ་འཁྲུངས་ཤིང་། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ། གཅེན་བླ་ཆེན་བསོད་ནམས་བློ་གྲོས། རྒྱལ་བ་བྲག་ཕུག་པ། མཉམ་མེད་ཆེན་པོ་སོགས་བླ་མ་དམ་པ་མང་དུ་བསྟེན་ནས་ཡབ་ཆོས་ཀྱིས་ཐོག་དྲངས་ཆོས་ཚུལ་མང་དུ་གསན་ཅིང་ཐུགས་སུ་ཆུད་པར་མཛད། དཔལ་ལྡན་བླ་མ་དམ་པའི་དྲུང་དུ་རབ་ཏུ་བྱུང་བ་མཛད་དེ། རྩ་བའི་རྒྱུད་བརྟག་པ་གཉིས་པ་སོགས་དམ་ཆོས་མང་དུ་གསུངས་པ་ན། གོང་ནས་སའི་ལེན་དབང་གི་མཚན་དང་གསེར་དམ་ཐོ་ཤུ་དང་བཅས་པ་ཕུལ། རྒྱལ་ཁམས་འགྲིམས་ན་སྡིག་པ་ཆེ་གསུངས་ནས་ས་ཕྱོགས་གཞན་དུ་འགྲོ་དོན་