R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • ཤོག་ལྷེ། (མ་དཔེ། A): ༢༧༧བ
[A:༢༧༧བ]གནས་སུ་བཞུགས་པ་འདི་ཉིད་ཡིན་ནོ། །སྨྲས་པ། འགྲོ་ལ་བདེ་སྐྱིད་མ་ལུས་འབྱུང་བའི་གཞི། །སངས་རྒྱས་བསྟན་པ་རིན་ཆེན་སྐྱོང་བ་ལ། །ལ་ལ་མཁས་པའི་སྒོ་ནས་བསྟན་པ་འཛིན། །འགའ་ཞིག་མཐུ་རྩལ་ནུས་པའི་སྒོ་ནས་ཏེ། །ལ་ལ་བཙུན་པའི་བརྟུལ་ཞུགས་ཀྱིས་འཛིན་ཅིང་། །ཁ་ཅིག་སྟོབས་དང་ཆབ་སྲིད་ཕུན་ཚོགས་ཀྱིས། །འཛིན་པར་བཤད་ཀྱང་སྔོན་བྱོན་བསྟན་འཛིན་གྱི། །སྐྱེས་ཆེན་ཕལ་ལ་ཕྱོགས་རེ་ལྡན་མང་ཡང་། །གང་ཟག་གཅིག་ལ་བསྟན་འཛིན་ཐམས་ཅད་ཀྱི། །རྣམ་ཐར་ཚང་བ་སྔགས་འཆང་འདི་ཉིད་ཙམ། །ཡིན་པར་ཡོངས་འཛིན་དམ་པ་འདི་ཉིད་ཀྱི། །རྣམ་ཐར་
ཁོ་བོས་བྱས་པའི་
ངོ་མཚར་རྒྱ་མཚོར་བལྟས་པས་ཤེས། །ཞེས་ཀྱང་རང་བབས་སུ་སྨྲས་སོ། །དེ་རྣམས་ཀྱིས་དུས་མཆོད་བླ་བྲང་པའི་གདུང་རབས་བྱོན་ཚུལ་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་གདུང་རབས་ཡ་རབས་ཁ་རྒྱན་ལས་ཇི་ལྟར་འབྱུང་བ་བཞིན་བསྟན་ཟིན་ནས། ད་ནི་དེ་ཉིད་ཀྱི་ཁ་སྐོང་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་ཡང་གཉིས་ཏེ། རྩེ་གདོང་པའི་གདུང་རབས་བྱུང་ཚུལ་བསྟན་པ་དང་། དཔལ་ལྡན་ས་སྐྱ་ཉིད་དུ་གདུང་རབས་རྒྱུན་མི་ཆད་པར་བྱོན་པའི་ཚུལ་བཤད་པའོ། །དང་པོ་ལ་ཡང་ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་ཅུང་ཟད་ཕྱེ་བ་གཉིས་ལས། །དང་པོ་ནི། ཀུན་དགའ་བསམ་གྲུབ་བཙུན་མོ་མ་གཅིག་སྲས། །ཀུན་དགའ་བདེ་ལེགས་བཀྲ་ཤིས་ཞེས་བྱ་འཁྲུངས། །ཀུན་དགའ་བདེ་ལེགས་བཙུན་མོ་བྱ་བཟང་མའི། །སྲས་ལ་འཇམ་དབྱངས་བསོད་ནམས་ལྷུན་གྲུབ་དང་། །ཚེ་དབང་ཧོར་སོགས་བསོད་ནམས་རྒྱལ་མཚན་དང་། །འཇིག་རྟེན་རྒྱ་ཧོར་ཞེས་བྱ་རྣམ་གསུམ་