[A:༣༠བ]སང་སྐུ་འབུམ་རྣམ་རྒྱལ་དུ་གྲགས་པའི་ཐོག་ལ་མཚོན་བྱེད་དུ་བདེ་མཆོག་གི་དཀྱིལ་འཁོར་བྲིས་ནས་ཡོད་པ་འདི་ཡིན་ཡང་། ཕྱིས་ནི་པུར་བཞུ་བའི་དུད་རིས་ལས་གྲུབ་པ་ཡིན་ཞེས་གླེང་བར་འདུག་གོ །དེ་དག་ལ་འདི་སྐད་ཅེས། ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས་དབང་ཉིད། །བྱང་སེམས་སྦྱིན་པ་དཔལ་གྱི་སྐུར་བསྟན་པ། །སླར་ཡང་འགྲོ་བའི་དོན་ལ་བྱོན་པའམ། །ཡང་ན་སྟོབས་ཀྱི་མགོན་པོ་བི་རཱུ་པ། །བསམ་བཞིན་སྐྱེ་བ་བཞེས་པའི་རྒྱུ་མཚན་གྱི། །འཐད་པ་བརྒྱ་ཕྲག་སྟོང་གིས་ལེགས་གྲུབ་པ། །འདི་ལ་རྣམ་དཔྱོད་རྩལ་ལྡན་སྐྱེས་བུ་ཀུན། །སོམ་ཉིར་གྱུར་པའི་གོ་སྐབས་ཅུང་ཟད་མེད། །ཉིད་ཀྱི་གདུང་འཚོབ་སྲས་དང་བརྒྱུད་པར་བཅས། །དེ་དག་རྣམས་ཀྱི་ཆོས་སྲས་དཔལ་འབྱོར་གྱིས། །ངོ་མཚར་རྨད་བྱུང་ཕྱག་རྗེས་གང་བཞག་པ། །སྔོན་དུས་བྱུང་ཟིན་ད་ལྟ་ཡོད་པ་དང་། །མ་འོངས་གདོན་མི་ཟ་བར་འབྱུང་ངེས་པའི། །རྒྱུ་ཚོགས་རྨད་བྱུང་མ་ཚང་མེད་འདི་དག །སྤྱན་རས་གཟིགས་དབང་ལྟ་བུའི་ཐུགས་རྗེ་དང་། །མཐུ་སྟོབས་མངའ་བདག་བིརྺ་པ་ལྟ་བུ། །མིན་པ་ཕལ་པ་སུ་ཡིས་བསྐྲུན་པར་ནུས། །དེ་ཕྱིར་ཁྱོད་ཀྱི་རྣམ་ཐར་བརྗོད་མི་ལང་། །མཁྱེན་བརྩེ་ནུས་ལྡན་ཁྱེད་ཀྱི་ཐུགས་རྗེ་ཡིས། །བདག་དང་གདུལ་བྱའི་དོན་ཀུན་འགྲུབ་པར་མཛོད། །ཅེས་དཔལ་ལྡན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ལ་རྣམ་ཐར་དྲན་པའི་སྒོ་ནས་བསྟོད་ཅིང་གསོལ་བ་བཏབ་པའི་མཇུག་འདིར་བླ་ཆེན་དེ་ཉིད་ཀྱི་གདན་ས་ཆེན་པོར་གྱུར་པ་དཔལ་ལྡན་ས་སྐྱ་ལ་ཅུང་ཟད་བསྔགས་པ་བརྗོད་པ་ནི་འདི་ལྟ་སྟེ། དཔལ་ལྡན་སྟུག་པོ་བཀོད་པའི་ཞིང་ཁམས་ལྟར། །རྒྱལ་བའི་ཚོགས་བཅས་ངེས་པ་ལྔ་ལྡན་ཞིང་། །