[A:༣༡ན]གསང་ཆེན་སྨྲ་བ་དུ་མའི་བསྟི་གནས་མཆོག །མཁས་མང་འདུ་བའི་གདན་ས་བསྔགས་པར་བགྱི། །གངས་རིའི་ལྗོངས་ཀྱི་རི་བོའི་ཚོགས་ཀྱིས་ཀུན་ནས་བསྐོར་ཞིང་ཡོངས་སུ་བཏུད་དེ་གནས་པའི་དབུས། །རབ་བརྗིད་ལྷུན་པོའི་དེད་དཔོན་ཆེན་པོ་རང་བཞིན་ལྷུན་གྲུབ་རི་བོའི་དབང་པོ་མཆོག་འདི་ནི། །རི་དྭགས་དབུས་ན་རི་དྭགས་རྒྱལ་པོ་ལང་ཚོས་དྲེགས་པ་རྣམ་པར་འགྱིང་ཞིང་གནས་པ་ལྟར། །འཛམ་བུས་མཚོན་པའི་དབང་ཆེན་མ་ལུས་དབང་དུ་བྱས་ཏེ་ལྷམ་མེ་ལྷང་ངེར་བརྗིད་པ་དེའི། །གཡས་ཀྱི་ཁྱོན་རྣམས་ཆུ་ཤེལ་དབང་སྔོན་པདྨ་རཱ་གའི་རང་བཞིན་ཀུན་ནས་འཁྲིགས་ལྟ་ཡིན། །བདེ་ཆེན་རྒྱལ་པོས་རྒྱ་ཆེན་ཁྱབ་ཅིང་ཁམས་གསུམ་མཐའ་དག་ཟིལ་གྱིས་གནོན་བྱེད་གདན་ས་འདི། །ཤམྦྷ་ལ་ལྟར་འཛིན་མའི་ཁོར་ཡུག་ཀཻ་ལ་ཤ་ཡི་ཕྲེང་བས་མཛེས་ཤིང་བསྐོར་བ་ནི། །ཀུ་མུད་ཕྲེང་བ་བཀོད་ལེགས་མཛེས་པ་སྐབས་གསུམ་ལྷ་ཡི་མེ་ཏོག་རྣམས་ཀྱིས་མཆོད་པ་ལྟའི། །དེ་ནང་རིན་ཆེན་སྣ་ཚོགས་བསྟར་བ་ལ། །དཔལ་སྟུག་དཔལ་གྱི་རྒྱལ་པོ་ཆེན་པོ་རྣམས། །ཟབ་ཡངས་རྒྱ་ཆེན་ཆོས་འཁོར་བསྐོར་བའི་གཞི། །རིན་ཆེན་རི་བོའི་ཁྲི་རྣམས་འདི་དག་ལགས། །མཆོག་གི་ས་སྐྱོབ་རབ་བརྗིད་གདོང་ལྔ་པ། །འོག་མིན་ཞིང་དུ་བགྲོད་སྙམ་བགྱི་བ་འདི། །མདོག་དཀར་གངས་རིའི་ལོགས་དང་མཚུངས་པ་སྟེ། །ཐོག་མའི་རྒྱལ་བས་ཆོས་འཁོར་བསྐོར་བའི་གཞི། །ཤར་རིའི་དབང་པོ་གྲ་ཆུང་གོང་ཁ་ནི། །ས་འཛིན་དབང་པོ་སྲུབ་ཤིང་རབ་བསྐྱོད་ནས། །ལྷ་མིན་དབང་པོས་ཆུ་གཏེར་བསྲུབས་པ་ལས། །ལེགས་འོང་ལེགས་ལྡན་དབང་པོ་འགྱིང་བ་བཞིན། །མདོག་བཟང་དབང་སྔོན་