R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • ཤོག་ལྷེ། (མ་དཔེ། A): ༣༢༠ན
[A:༣༢༠ན]པར་བཤད་ཅིང་། ཡང་ཤར་གླིང་པའི་ཡི་གེ་ལས་གདན་ས་ལོ་བཅུ་གསུམ་མཛད་པར་བཤད་པ་དང་། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱིས་སློབ་དཔོན་རྩེ་མོའི་གདན་ས་གཏན་མ་མཛད་པར་ཡང་བཤད་ལ། མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱིས་གོང་དུ་བཤད་པ་ལྟར་ལོ་གྲངས་གསལ་ཁ་མ་བྱུང་ཡང་གདན་ས་མཛད་པར་བཤད་པ་སོགས་མཁས་པ་རྣམས་ཀྱི་འཆད་ཚུལ་མི་འདྲ་བ་དུ་མ་ཞིག་སྣང་ཡང་། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དགོངས་པ་ལྟར་ན། སློབ་དཔོན་བསོད་ནམས་རྩེ་མོའི་གདན་ས་མ་མཛད་པ་ཉིད་འཐད་དམ་སྙམ་སྟེ། དེ་ཉིད་ཀྱིས་མཛད་པའི་ལམ་འབྲས་ཆོས་འབྱུང་ངོ་མཚར་སྣང་བ་ལས། སློབ་དཔོན་རིན་པོ་ཆེའི་རྣམ་ཐར་གྱི་སྐབས་སུ། རྗེ་པ་ལོ་
དཔེ་ཁ་ཅིག་ཏུ་དགུང་ལོ་བཅུ་གཉིས་པ་ལ་ཞེས་པའང་སྣང་།
བཅུ་གསུམ་པ་ལ་ངས་དབུས་སུ་ཕྱིན་ལ་ཕར་ཕྱིན་ལ་སོགས་པ་ཉན་ལ་ཡོང་། ཁྱོད་ས་སྐྱར་སྡོད་ལ་བཤད་པ་གྱིས་གསུངས་ནས་གདན་ས་གཏད་ཅེས་དང་། རྗེ་བཙུན་གྱི་རྣམ་ཐར་གྱི་སྐབས་སུ་བཅུ་གསུམ་པ་ལ་གཅེན་དབུས་སུ་གཤེགས་པའི་ཚེ། གདན་ས་གཏད་ནས་ཞེས་གསུངས་པས་ན། བླ་མ་ས་སྐྱ་པ་ཆེན་པོ་ཞི་བར་གཤེགས་པའི་ཕྱི་ལོ་དེ་ཉིད་རྗེ་བཙུན་ཆེན་པོས་དགུང་ལོ་བཅུ་གསུམ་བཞེས་པའི་ལོ་ཡིན་པས་ཡབ་གཤེགས་ནས་ལོ་གཅིག་ཙམ་ཡང་གཅེན་གྱིས་གདན་ས་མ་མཛད་པར། གཅུང་གྲགས་པ་རྒྱལ་མཚན་ལ་གཏད་པར་བཤད་པས་སོ། །འོན་ཀྱང་སྟག་ཚང་གདུང་རབས་སོགས་ཕལ་ཆེར་ལས་གདན་ས་མཛད་པ་ཉིད་འབྱུང་བས་གང་དག་བརྟག་པར་བྱའོ། །དེ་ནས་རྗེ་བཙུན་རིན་པོ་ཆེ་དགུང་ལོ་བཅུ་གསུམ་དུ་ཕེབས་པ་ས་