R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • ཤོག་ལྷེ། (མ་དཔེ། A): ༣༥བ
[A:༣༥བ]ལ། དེའི་དོན་རྒྱུད་སྡེ་ནས་ཇི་ལྟར་བཤད་པའི་ཀུན་འདར་དང་། ཀུན་དུ་བཟང་པོའི་སྤྱོད་ཚུལ་བཞིན་དུ་སྤྱོད་པའི་རྣམ་སྤྲུལ་དུ་མ་བརྙེས་པ་ཡིན་ནོ། །སློབ་མའི་ཚོགས་དཔག་ཏུ་མེད་པ་ལ་གསང་སྔགས་དང་མཚན་ཉིད་ཀྱི་ཆོས་གང་ལ་གང་དགོས་གསུངས་པ་དང་། ཁྱད་པར་དུ་ཚད་མ་རྣམ་ངེས་ཆོས་མཆོག་དང་བཅས་པ་ལ་ཤིན་ཏུ་མཁས་ཤིང་། དེའི་དུས་སུ་ན་བཟའ་སྦུ་གུ་ཅན་བཞེས་པ་ལ་ལུང་རིག་འདི་བས་མཁས་ཤིང་རྩོད་པ་བཟང་བ་མེད་པར་གྲགས་སོ། །རྩོམ་པ་ལེགས་བཤད་ཀྱི་ཕྲེང་བ་གསར་དུ་མཛད་པ་ཡང་ས་སྐྱ་པ་ཆེན་པོ་ལ་བསྟོད་པ་དང་། ལམ་འབྲས་བརྒྱུད་པའི་གསོལ་འདེབས་འབྲེལ་མར་ཡོད་པ། རྒྱ་སྒོམ་ཚུལ་ཁྲིམས་གྲགས་ལ་སྤྲིངས་པ། སློབ་དཔོན་ཆ་པ་ལ་བསྟོད་པ། རྒྱུད་སྡེ་སྤྱིའི་རྣམ་གཞག བརྟག་གཉིས་ཀྱི་རྣམ་བཤད་ཉི་མའི་འོད་ཟེར། བརྟག་གཉིས་ཀྱི་ས་བཅད། སམྦུ་ཊའི་འགྲེལ་པ་གནད་ཀྱི་གསལ་བྱེད། དེའི་ས་བཅད། རབ་བྱེད་གཉིས་པའི་ཊཱིཀྐ དཔལ་ཀྱེ་རྡོ་རྗེའི་མངོན་རྟོགས་རྒྱས་པ། དབང་ཆུ་ཆེན་མོ། ཞི་བའི་སྦྱིན་སྲེག རབ་གནས་བཟང་པོ་དྲུག་པ། བདག་མེད་མའི་དབང་གི་ཐོ་ཡིག་སྟེ་མན་ངག་ལུགས་ཀྱི་སྐོར་རོ། །ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག སྦྱིན་སྲེག་གི་ཆོ་གའི་ཊཱི་ཀ་སྟེ་འགྲེལ་པ་ལུགས་ཀྱི་སྐོར་རོ། །སྒྲུབ་ཐབས་མཚོ་སྐྱེས་ཀྱི་ཊཱི་ཀ དཀྱིལ་ཆོག་ནས་གླིང་མ་སྟེ་མཚོ་སྐྱེས་ཀྱི་སྐོར་རོ། བདེ་མཆོག་དྲིལ་བུ་པའི་མངོན་རྟོགས་ཆུང་ངུ་། བདེ་མཆོག་དྲིལ་བུ་པའི་དབང་གི་བྱ་བའི་ཊཱི་ཀ བདེ་མཆོག་ལཱུ་ཡི་པའི་མཆོད་ཕྲེང་། གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པ་གཉིས་ཀྱི་ཊཱིཀ རྟོག་པ་གཉིས་ཀའི་ས་བཅད། རྡོ་རྗེ་གདན་པའི་ཆོས་