[A:༥༠བ]བླང་བའི་རིམ་པ་དང་བཅས་པ་ལེགས་པར་བསྟན་ནས་འབྱུང་བ་འཁྲུགས་པའི་མཚན་ཉིད་ཅན་གྱི་ནད་ཞི་བར་བྱེད་པ་ལ་སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུའི་གསོས་ལྟ་བུ་ཡིན་ནོ། །ནང་རིག་པ་ཡང་ཉིད་ཀྱི་གསུངས་ལས། བདེ་བར་གཤེགས་པའི་གསུང་རབ་སྡེ་སྣོད་རིན་པོ་ཆེ་གསུམ་གྱིས་བསྡུས་པ་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཡིན་པ་ལས་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལ་ལྷག་པར་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་དང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་དང་། ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཟབ་པ་དང་། སྡོང་པོ་བཀོད་པ་ལ་སོགས་པ་རྒྱ་ཆེ་བའི་གཞུང་ལུགས་མང་དུ་ཐོས་པ་དང་། རྡོ་རྗེ་ཐེག་པ་ལ་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྣམས་རྩ་བ་དང་བཤད་པའི་རྒྱུད་འགྲེལ་བ་དང་བཅས་པ་མང་དུ་ཐོས་པ་དང་། དེ་དག་གི་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་སྨིན་པར་བྱེད་པ་དབང་གི་བྱ་བ་དང་། གྲོལ་བར་བྱེད་པ་ལམ་གྱི་སྒོ་ནས་ཏིང་ངེ་འཛིན་གྱི་ལམ་གྱི་མཚན་ཉིད་དང་། དེ་མ་སྐྱེས་པ་སྐྱེས་པར་བྱེད་པའི་ཐབས་དང་། སྐྱེས་པ་བོགས་དབྱུང་བ་དང་། ལམ་གྱི་ས་མཚམས་དང་། ལམ་གྱི་གེགས་སེལ་དང་། ཏིང་ངེ་འཛིན་གྱི་དྲོད་རྟགས་དང་། ཡེ་ཤེས་སྐྱེ་བའི་རིམ་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ས་དང་ལམ་གྱི་བགྲོད་ཚུལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པ་སྟོན་པར་བྱེད་པ། རྩ་བ་རྡོ་རྗེའི་ཚིག་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་གནད་ཚེ་