[A:༤༠༡]སོགས་ཏེ་ཞོ་རེ་རེའི་གྲལ་འགྱེད་དང༌། ནས་ཀྱི་རྒྱུགས་འགྱེད་དང་བཅས་པ་མཛད་པས། ཐམས་ཅད་ངོ་མཚར་ཞིང་ཡིད་ཚིམ་པར་མཛད། ཏི་ཤྲཱི་ཀུན་བློའི་ཆོས་འཁོར་གྱི་རྗེས་ལ་རྒན་གསུམ་གྱིས་དྲན་ནས་དེ་ལྟ་བུ་མ་མཐོང་ཞེས་གྲག་གོ །གཞན་ཡང་ཐོས་བསམ་སྒོམ་གསུམ་མཛད་པ་མང་པོའི་མཐུན་རྐྱེན་སྦྱར་བ་དང༌། དབུལ་ཞིང་ཕོངས་པ་རྣམས་ལ་ཟས་གོས་ལ་སོགས་པ་ཅི་ནུས་སུ་སྦྱིན་པ་མཛད་དེ། སྒྲུབ་མཆོད། གསུང་སྒྲོགས། དགེ་འདུན་གྱི་བསྙེན་བཀུར་ལ་སོགས་པ། བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་གི་ཕྱོགས་སུ་གཏོང་བར་མཛད། ཆོས་ཀྱི་སྦྱིན་པ་ནི་ས་སྐྱ་ལ་སོགས་པར། རྒྱུད་གསུམ་མན་ངག་དང་བཅས་པ། རྣམ་འགྲེལ། སྤྱོད་འཇུག་ལ་སོགས་པ་དང༌། སྙེ་ཐང་དང་བོ་དོང་དུ་དུས་འཁོར་འགྲེལ་ཆེན། གསང་འདུས། ཕར་ཚད་མངོན་གསུམ་ལ་སོགས་པ་དང༌། བསམ་ཡས་ལ་སོགས་པ་གང་དུ་གཤེགས་པ་དང་བཞུགས་པའི་ས་ཕྱོགས་དེར་མདོ་རྒྱུད་བསྟན་བཅོས་མན་ངག་དུ་མའི་བཤད་སྲོལ་དང༌། དབང་བྱིན་རླབས། སེམས་བསྐྱེད། དགེ་སློང་དགེ་ཚུལ་ལ་ལས་ཀྱི་ཆོ་ག་འཆད་པ་དང༌། རྩོད་པ་དང༌། བཀའ་བསྟན་བཅོས་མན་ངག་དུ་མའི་བཤད་སྲོལ་དང་དགོངས་འགྲེལ་རྩོམ་པ་མང་པོ་མཛད་པས། གངས་ཅན་གྱི་ཁྲོད་དུ་ཆོས་ལུགས་རྣམ་པར་དག་པས་བསྟན་པ་རིན་པོ་ཆེ་ཉི་མའི་འོད་ཟེར་ལས་ཀྱང་ཆེས་ལྷག་པ་ལྟར་གསལ་བར་མཛད་ཅིང༌། ལུས་ཅན་དཔག་ཏུ་མེད་པ་མཐོ་རིས་དང༌། ཐར་པ་དང༌། ཐམས་ཅད་མཁྱེན་པའི་ལམ་ལ་བཀོད་དོ། །སྐྱབས་ཀྱི་སྦྱིན་པ་ནི། མི་ནག་ཅན་ལ་སོགས་ཏེ་དྲུང་དུ་སྐྱབས་འཚོལ་བ་དུ་མ་ཡང་བྱམས་པ་ཆེན་པོས་ཉེ་བར་འཚེ་བ་དུ་མ་ལས་བསྐྱངས་པ་དང༌། སུ་ལ་ཡང་ཚིག་རྩུབ་ངན་སྨྲ་ལ་སོགས་པ་ཞལ་གྱི་སྒོ་ནས་མི་འབྱུང་སྟེ་འཇམ་ཞིང་སྙན་ལ་ཚད་མར་གྱུར་པ་དོན་དང་ལྡན་པ་བཟུང་བར་འོས་པ་དང༌། སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཐམས་ཅད་དགེ་བ་འབའ་ཞིག་གིས་དུས་འདའ་བས་གདུལ་བྱ་རང་རང་གི་