R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): [-]
སྔོན་གླེང༌།
༈ གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་ཐོབ་ཡིག་བུམ་པ་བཟང་པོ་ཞེས་པ་ནི། ད་ལྟ་ཉར་ཚགས་བྱས་པའི་གོང་དཀར་ཆོས་སྡེའི་ཕྱི་རབས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་གཅིག་པུ་དེ་ཡིན། དགེ་སློང་འཕྲིན་ལས་རྣམ་རྒྱལ་ནི་དེང་སྐབས་ཡོངས་གྲགས་སྙན་གྲགས་མེད་པ་ཞིག་ཡིན་མོད། འོན་ཀྱང་དུས་རབས་བཅུ་བདུན་པའི་སྨད་ཙམ་དུ་དགོན་པ་དེ་ཉིད་སློབ་གཉེར་གྱི་ལྟེ་གནས་ཁང་ཆེན་པོ་ཞིག་གི་ཚད་མཐོའི་འཕེལ་རིམ་ནང་སླེབས་པའི་སྐབས་ཀྱི་བཤེས་གཉེན་མཐོ་རབ་གྲས་ཤིག་ཡིན། རྡོ་རྗེ་བྲག་རིག་འཛིན་པདྨ་འཕྲིན་ལས་༼༡༦༤༡ ་་་ ༡༧༡༧༽ཀྱིས་ཀྱང༌། སྤྱིར་གོང་དཀར་ཆོས་སྡེ་འདི་དེང་སང་དབུས་གཙང་གི་ལྗོངས་ན་སྔགས་གྲྭ་ངོ་མཚར་ཆེ་ངེས་སུ་འདུག
རྟོགས་བརྗོད་རས་དཀར་ཤེལ་གྱི་མེ་ལོང་ལས།
ཅེས་གསུངས། གོང་དཀར་ཆོས་སྡེ་དང༌། འཕན་པོ་ན་ལེནྡྲ་གཉིས་ནི་དབུས་ཁུལ་དུ་ཆགས་པའི་ས་སྐྱའི་ཆོས་ལུགས་ཀྱི་རྟེན་གཞི་གཙོ་བོ་ཞིག་ཡིན་ཞིང༌། གཙང་གི་ས་སྐྱའི་གདན་ས་ཁག་གི་བླ་མ་རྣམ་པས་གོང་དཀར་བའི་བླ་མའི་ལྷན་དུ་མཇལ་འཕྲད་དང་གསུང་ཆོས་གསན་རེས་གནང་བའི་ལམ་སྲོལ་ཞིག་ཡོད། འཕྲིན་ལས་རྣམ་རྒྱལ་གྱི་སྐུ་ཚེའི་བསྟོད་ཀྱི་ཆར་ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་༼༡༦༠༣ ་་་ ༥༩༽དང༌། ཁོང་གི་སློབ་མ་ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་༼༡༦༠༢ ་་་ ༨༡༽རྣམ་གཉིས་གོང་དཀར་དུ་དུས་ཡུན་རིང་པོའི་བར་བཞུགས་པ་དང༌། ཁོང་གཉིས་ཀ་རྒྱལ་མཆོག་ལྔ་པ་ཆེན་པོའི་དབུ་བླ་ཡིན་པར་བརྟེན། གསར་དུ་བཙུགས་པའི་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ནས་གོང་དཀར་ཆོས་སྡེ་དགོན་པར་ཐུགས་འཁུར་རོགས་རམ་ཆེན་པོ་གནང་ཡོད། ཁོང་རྣམ་གཉིས་གོང་དཀར་དུ་བཞུགས་པའི་རིང་གི་ཕྱག་འབྲེལ་དང༌། ཕན་ཚུན་བླ་སློབ་གཉིས་ཀར་གྱུར་བ་ནི་ཉི་མ་གླིང་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ཡིན་ཞིང༌། བླ་མ་དེ་གསུམ་ལས་བརྒྱུད་པའི་གསུང་ཆོས་དེ་རྣམས་ནི་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག་གི་གཙོ་བོའི་བརྗོད་བྱ་ཞིག་ཏུའང་གྱུར་ཡོད། ཆོས་འབྲེལ་གྱི་དཀྱིལ་འཁོར་དེའི་ནང་ཡོད་པའི་བླ་ཆེན་གཞན་ནི་སྨན་ལུང་པ་བློ་མཆོག་རྡོ་རྗེ་༼༡༥༩༥ ་་་ ༡༦༧༡༽ཚུད་པའི་བཅོ་བརྒྱད་རིན་པོ་ཆེ་ལྕེ་བཙུན་བྱམས་པ་ངག་དབང་ལྷུན་གྲུབ་༼༡༦༣༣ ་་་ ༡༧༠༣༽དང༌། གོང་དཀར་བླ་མ་རབ་འབྱམས་པ་རིན་ཆེན་རྒྱ་མཚོ། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། བྱང་ཆུབ་རྩེ་པ་ཀུན་དགའ་བཀྲ་ཤིས་ཁོང་རྣམས་ཡིན། དེར་མ་ཟད་རྡོ་རྗེ་བྲག་རིག་འཛིན་པདྨ་འཕྲིན་ལས་དང༌། ཁོང་གི་དབོན་པོ་རྣམ་སྲས་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་༼༡༦༤༦ ་་་ ༡༧༡༧༽གཉིས་ཀྱང་དགེ་སློང་འཕྲིན་ལས་རྣམ་རྒྱལ་དང་ཕན་ཚུན་ཆོས་འབྲེལ་བྱུང་བར་གསལ། ལྷག་པར་དུ་འཕྲིན་ལས་རྣམ་རྒྱལ་གྱི་བསྙེན་རྫོགས་ཐོ་ཡིག་སྐབས་གསལ་བའི་ཆོ་གའི་ལས་ཀྱི་མི་སྣ་དང༌། སྐུ་ན་གཞོན་པའི་རྡོ་རྗེ་བྲག་རིག་འཛིན་ཆེན་པོ་གོང་དཀར་དུ་དགེ་ཚུལ་གྱི་སྡོམ་པ་འབོག་པའི་སྐབས་ཀྱི་ལས་ཀྱི་མི་སྣ་གཅིག་མཚུངས་ཡིན་པར་དཔག་ན་སྡོམ་པ་འབོག་པའི་ཆོ་གའི་མཛད་སྒོ་དེ་གཉིས་དུས་གཅིག་ལ་བྱུང་ཡོད་སྲིད་པ་དང༌། དེ་ནི་སྤྱི་ལོ་༡༦༥༢ ནས་༥༣ བར་ཏེ་བཀའ་འགྱུར་བས་གོང་དཀར་ཆོས་སྡེར་བཀའ་འགྱུར་གྱི་ལུང་གནང་བའི་དུས་སྐབས་དེར་ཡིན་སྲིད། གོང་དཀར་བརྒྱུད་འཛིན་རིམ་བྱོན་གྱི་བླ་མའི་གསོལ་འདེབས་ནང་ཡོད་པའི་འཕྲིན་ལས་རྣམ་རྒྱལ་ལ་བསྟོད་པ་དེ་རྡོ་རྗེ་བྲག་རིག་འཛིན་ཆེན་པོ་རང་གིས་བརྩམས་པ་ཞིག་ཡིན་ཅིང༌། དེ་ཡང༌། ཁྱབ་བདག་རྡོ་རྗེ་འཆང་གི་འཕྲིནཾ་ལསཾ་ལས། ། ཕྱོགས་ལས་རྣམཾ་རྒྱལཾ་གསང་ཆེན་ཆོས་ཀྱི་གཏེར། ། དཀྱིལ་འཁོར་འཁོར་ལོའི་མགོན་པོ་བླ་མ་མཆོག ། གསོལ་བ་འདེབས་སོ་བྱིན་གྱིས་བརླབས་ཏུ་གསོལ། །ཞེས་བྱུང༌། མཛད་རྗེས་ཅན་གྱི་དཀྱིལ་འཁོར་དེའི་ནང་ཡོད་པ་དེ་ལྟ་ནའང༌། ཁོང་གི་མཚན་དུ་ཆེ་བསྟོད་གང་ཡང་མེད་པར་ཕལ་ཆེར་ཟུར་འཆད་པ་འཕྲིན་ལས་རྣམ་རྒྱལ་ཞེས་འབོད་པ་དང༌། དེ་མིན་བཀའ་འགྱུར་བ་དང་རྡོ་རྗེ་བྲག་རིག་འཛིན་སོགས་ཀྱི་རྣམ་ཐར་དུ་དཔྱོད་ལྡན་འཕྲིན་ལས་རྣམ་རྒྱལ་ཞེས་བྲི་གནང་མཛད་འདུག ། མདོར་ན་གསན་ཡིག་འདིར་རྫོང་པའི་རིང་ལུགས་ལ་དམིགས་གསལ་གྱི་འབྲེལ་བ་ཆེར་མ་མངོན་ཡང༌།