R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A): ༡༠
[A:༡༠]མུཙྪ་ལ་སོགས་པའི་ཆོས་ཀྱི་བཀའ་དྲིན་དཔག་ཏུ་མེད་པ་ནོས་པར་མཛད། དེ་ནས་དགུང་ལོ་སོ་བརྒྱད་པའི་ཚེ། རྗེ་དེ་ཉིད་ལ་བརྟག་གཉིས་ཀྱི་བཤད་པ། སྦྱོར་བ་ཡན་ལག་དྲུག་པའི་མན་ངག་ཀྱང་རྒྱ་བོད་ཀྱི་ལུགས་ཐམས་ཅད་ཚང་བར་གསན། དགུང་ལོ་སོ་དགུ་པ་མེ་ཕོ་རྟའི་ལོ་རྗེ་བཙུན་ངོར་པ་ཆེན་པོའི་བར་ཆད་ཀྱི་མཚན་མ་བསལ་བའི་ཆེད་དུ་སྐུ་མཚམས་དམ་པ་ལ་བཞུགས། སྐུ་མཚམས་གྲོལ་ཁར་རྗེ་ཉིད་དང་མངའ་རིས་པ་ཀུན་འོད་གཉིས་ལ་སྐུ་མདུན་དུ་ཤོག་གསུངས། བྱོན་པས་སྤྱིར་ཐུགས་དམ་གྱི་གཟིགས་སྣང་དང་བར་ཆད་སེལ་ཚུལ་མང་དུ་གསུངས། ཁྱད་པར་མདང་སང་མཚམས་བྱས་པ་ལེགས་འདུག །དེ་མ་བྱས་ན་སྐྱོན་དུ་འགྲོ་བར་འདུག །སྐྱོན་དུ་སོང་ནའང་གཞན་སེམས་ཀྱི་འཁྲི་བ་མེད། བྱ་སྤྱོད་གཉིས་ཀྱི་བསྟན་པ་འདི་འདོད་པ་བཞིན་གསོ་ཐུབ་པ་ཞིག་མ་བྱུང་བ་དང༌། ཁྱེད་དཔོན་སློབ་དཀོན་མཆོག་རྒྱལ་མཚན་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་གདམས་པ་རྣམས་མ་འཕྲོད་པས་སེམས་འཕྲེང་བར་འདུག་གསུངས། རྗེ་འདིའི་དགོངས་པ་ལ་བདག་ལ་དེ་ཙམ་གྱི་ཁུར་གནང་བྱུང་ཙ་ན་ལམ་འབྲས་ཤིག་ཞུ། གཞན་མི་འོང་ཀྱང་དགེ་སྦྱོར་གྱི་གཙོ་བོ་དེ་ལ་བྱེད་དགོས་པར་འདུག་དགོངས་པ་བྱུང༌། དེ་རྗེས་སྐབས་གཅིག་ཏུ་བདག་མུས་སུ་ཕྱིན་ནས་འཁོར་ལོ་བདེ་མཆོག་གི་དགེ་སྦྱོར་ཞིག་བྱེད་པ་ལགས་ཞུས་པས། ད་དུང་རེ་ཞིག་སྡོད། ངེད་ལ་གསུང་ངག་ལམ་འབྲས་ཀྱི་གདམས་པ་རྣམས་ཡོད་པས་དེ་ཉོན་ཅིག་གསུང་པ་ལ། ལམ་འབྲས་ཞུ་བ་ལ་འབུལ་བ་ཆེན་པོ་དང་དཀའ་སྤྱད་མང་པོ་དགོས་པའི་ལོ་རྒྱུས་འདུག་པས། བདག་ལ་དེ་ལྟ་བུའི་ནུས་པ་མེད་ཞུས་པས། ཆོས་རྗེའི་ཞལ་ནས། སྔོན་གྱི་དུས་ན་བསྟན་པ་ཡར་གསོ་བའི་དུས་སུ་