R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A): ༡༢
[A:༡༢]པ་མ་ལུས་པ་དང༌། རྗེ་བཙུན་ས་སྐྱ་པ་ཆེན་པོས་རྣལ་འབྱོར་དབང་ཕྱུག་ལས་དངོས་སུ་གསན་པ་ཟབ་ཆོས་རྣམ་པ་བཞི་ལ་སོགས་པའི་ཉེ་བརྒྱུད་དང༌། རྗེ་ས་ཆེན་གྱིས་བླ་མ་རྗེ་བཙུན་རིན་པོ་ཆེ་ལ་དངོས་སུ་གནང་བའི་གདམས་པ་བརྡའི་སྒོ་ནས་གསུང་ངག་རིན་པོ་ཆེའི་དོན་མཐའ་དག་མ་ལུས་པར་བསྡུས་ཏེ་སྟོན་པ་བརྡ་དོན་གསལ་བར་གྲགས་པ་སྟེ་ཤིན་ཏུ་ཉེ་བརྒྱུད་དང༌། དེ་ལ་སོགས་ཏེ་གསུང་ངག་རིན་པོ་ཆེ་དང་རྗེས་སུ་འབྲེལ་བའི་དབང༌། ཁྲིད། ལུང༌། བྱིན་རླབས། མན་ངག་ཕྲ་མོའི་སྐོར་ཐམས་ཅད་ལྷག་མ་མ་ལུས་པར་གསན། ལམ་བསྡུས་ཏེ་སྒྲུབ་པའི་ལུང་སྦྱིན་པ་མཛད་པའི་སྐབས་སུ། རྗེ་བཙུན་ངོར་པའི་ཞལ་ནས། ངེད་ཀྱི་རྨི་ལམ་དུ་བླ་མ་གོང་མ་རྣམས་ཀྱིས་དབང་གི་ཆུ་བོ་ཡིན་ཟེར་བའི་ཆུ་མིག་ཅིག་འདུག་པའི་ཉེ་འཁོར་ན་ཁྱེད་སོགས་ངེད་རང་གི་གྲྭ་པ་མང་པོ་འདུག་པ་ལ། ཆུ་མིག་དེ་ལ་ཁྱེད་ཀྱིས་ཆོས་གོས་བཀབ་ནས་འདི་ནི་བདག་གིའོ། །ཞེས་བདག་ཏུ་བཟུང་བ་རྨི་བས། ངེད་རང་གི་དབང་གི་ཆུ་བོའི་བཀའ་བབས་ཁྱེད་ལ་འོང་བ་ཡིན་ཚོད་དུ་འདུག་གསུངས་པ་དང༌། ད་གི་ལུང་སྦྱིན་པའི་བར་ལ་གཞན་མཚན་ལྟས་མ་བྱུང༌། རྗེ་འགོས་ལ་སློབ་མ་རྒྱུད་ཀྱི་ཀ་ཆེན་ཚུགས་པ་བརྒྱད། མན་ངག་གི་གདུང་ཆེན་ཐེག་པའི་སློབ་མ་བཞི། ལས་ཚོགས་དང་ཕྲིན་ལས་ལ་མཁས་པ་ལྕམ་དང་དྲལ་མ་གཤིབས་པ་ཙམ་བྱུང་ཞེས་པའི་རྣམ་པ་ཡིད་ལ་གསལ་བ་ཞིག་རང་བྱུང་གསུངས་ཏེ། རྗེ་འདི་ཉིད་ལའང་སློབ་མའི་མཆོག་འདི་ཙམ་འབྱུང་ཞེས་པའི་ལུང་བསྟན་དོན་གྱིས་གནང་བ་ཡིན་ནོ། །དེ་ལྟར་གཞིར་གནས་ཀྱི་རྟེན་དཀྱིལ་འཁོར་བཞི་ལ་སྨིན་བྱེད་བུམ་པ་ལ་སོགས་པའི་དབང་བཞི་བསྐུར་ཏེ་སྐུ་བཞིའི་རྟེན་འབྲེལ་ཕྱིན་ཅི་མ་