R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A): ༡༣
[A:༡༣]ལོག་པར་བསྒྲིགས་པར་མཛད་པས་རྒྱུ་ལམ་གྱི་དབང་གི་ཆུ་བོ་མ་ནུབ། དབང་དང་རྗེས་སུ་འབྲེལ་བ་གྲོལ་བྱེད་ཀྱི་ལམ་བཞི་བསྒོམས་པས་སོ་སོའི་ལྟ་བ་བཞི་ཐུགས་ལ་འཁྲུངས་ཤིང༌། ཉམས་མྱོང་མཚན་ཉིད་པ་སྐྱེས་པས་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས། གང་ཡང་ཏིང་ངེ་འཛིན་དུ་བསྲེལ་ཤེས་པས་གདམས་ངག་གི་སརྒ་མ་ལོག །དེའི་སྟོབས་ཀྱིས་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་པས་མོས་གུས་ཀྱི་བསམ་པ་ཚིམ་པར་མཛད་པ་སྟེ། མདོར་ན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པ་ལ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་སྣང་བ་ལྷ་མོ་བཅོ་ལྔས་སྙན་བརྒྱུད་བཞིའི་གདམས་པ་ནས་བརྩམས་ཏེ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལ་ཇི་ལྟར་མངའ་བའི་དབང་གི་ཆུ་བོ་དང༌། བྱིན་རླབས་མ་ལུས་པ་ཐམས་ཅད་ཀྱི་རྒྱུན་བདག་ཅག་གི་འདྲེན་པ་ཆེན་པོ་འདི་ཉིད་ལ་མངའ་བས་གསུང་ངག་རིན་པོ་ཆེའི་མངའ་བདག་ཆེན་པོར་གྱུར་པ་ཡིན་ནོ། །གཞན་ཡང་རྗེ་དེ་ཉིད་ལ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་དང༌། བསམ་མི་ཁྱབ་པ་ལ་སོགས་པ་ལམ་སྐོར་ཕྱི་མ་བརྒྱད་དང༌། དག་པ་གསུམ་གྱི་ཁྲིད། རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུ། སྒོ་དྲུག་ཆོས་འགྲེལ་ལ་སོགས་པ་ཞར་བྱུང་གི་ཆོས་སྐོར་ཀྱང་དཔག་ཏུ་མེད་པ་གསན། གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་སྐོར་ལ། དབུ་སེམས་ཀྱི་སེམས་བསྐྱེད། བློ་སྦྱོང་དོན་བདུན་མ། ཞེན་པ་བཞི་བྲལ། སྐྱེས་ཚོམས་དད་པའི་གཞུང༌། བསླབ་སྤྱོད་ལྟ་བའི་གཞུང༌། ས་རྒྱན་སྤྱོད་པའི་གཞུང་སྟེ་བཀའ་གདམས་གཞུང་དྲུག་ཏུ་གྲགས་པ་དང༌། མདོ་སིལ་བུ་བ་བཅུ་བདུན་ལ་སོགས་པ་རབ་ཏུ་མང་པོ་གསན། རྡོ་རྗེ་ཐེག་པའི་སྐོར་ལ། ཐོག་མར་རིགས་