R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A): ༡༥
[A:༡༥]སྤྱོད་ཀྱི་བཤད་པ་དང༌། མར་པ་ནས་བརྒྱུད་པའི་མ་ཧཱ་མཱ་ཡཱའི་བཤད་པ། དེ་རྣམས་ཀྱི་བསྐྱེད་རྫོགས་ཀྱི་མན་ངག་དང་བཅས་པ་ཡོངས་སུ་རྫོགས་པར་གསན་ཏེ་ཐོས་བསམ་གྱི་མཐར་ཕྱིན་པར་མཛད་ནས། བཀའ་སྲོལ་གང་གི་ལུགས་ཡིན་པ་དང༌། བཀའ་སྲོལ་དེའི་འཆད་ཚུལ་ཇི་ལྟར་ཡིན་པ་དང༌། བཤད་ཚུལ་དེས་བཤད་པའི་ལམ་གྱི་སྲོལ་ཇི་ལྟར་ཐོན་པའི་ཚུལ་རྣམས་འཁྲུལ་པའི་དྲི་མ་ཟད་ཅིང་སྒྲོ་འདོགས་ཆོད་པར་མཛད་པ་ཁོ་ནའོ། །མདོར་ན་མང་དུ་སྨོས་ཅི་དགོས་ཏེ། དམ་པ་འདི་ཉིད་ཀྱིས་འདྲེན་མཆོག་བཟང་པོའི་ཞབས་ལ་སོགས་པ་ཡོངས་འཛིན་བཅུ་ཕྲག་གསུམ་ལྷག་པ་ཡོངས་སུ་མཉེས་པར་མཛད་ནས་བསྟེན་ཏེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ཕྱོགས་ལ་བརྟེན་པའི་གསུང་རབ་ཕལ་མོ་ཆེ་གསན་པར་མཛད་པ་ཞིག་སྟེ། རྒྱས་པར་གསན་ཡིག་ཏུ་བལྟ་བར་བྱའོ། །གཉིས་པ་ལ་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་གཉིས་ཀྱི། དང་པོ་ནི། རྗེ་བཙུན་དམ་པ་འདི་ཉིད་སྡོམ་པ་གསུམ་གྱི་ཕྱོགས་ལ་ཉེས་ལྟུང་གི་དྲི་མ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པ་ཡིན་ཏེ། དེའང་འདུལ་བའི་ཀུན་སྤྱོད་སྡེ་གསུམ་ལ་རབ་ཏུ་བྱུང་བ་ནས་བརྩམས་ཏེ་ཞི་བར་མ་གཤེགས་ཀྱི་བར་ལ་འདུལ་བ་ལས་གསུངས་པའི་ཆོས་དང་མཐུན་པའི་སྤྱོད་པ་འབའ་ཞིག་གིས་དུས་འདའ་ཞིང༌། དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་མ་བྲལ་བ་དང༌། གདམས་ངག་བཅུ་གཅིག་ཏུ་གསུངས་པའི་བསླབ་བྱ་གང་ཡང་མི་མཐུན་པ་མེད་པར་སྤྱོད་པས་སོ། །བྱང་ཆུབ་སེམས་དཔའི་ཡང་སེམས་བསྐྱེད་ཀྱི་སྡོམ་པ་བླངས་ཕྱིན་བྱང་ཆུབ་སེམས་དཔའི་ཀུན་སྤྱོད་ཚུལ་ཁྲིམས་གསུམ་གྱི་ཉམས་ལེན་དང་མི་འབྲལ་ཞིང༌། བྱང་ཆུབ་སེམས་གཉིས་