R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A): ༡༦
[A:༡༦]ཀྱི་རྟོགས་པ་མཐར་ཕྱིན་ཏེ། བློ་སྦྱོང་ཐུགས་ཉམས་སུ་བཞེས་པའི་སྐབས་མཛེ་ཕོ་ཞིག་གཟིགས་པ་ལ་སྙིང་རྗེ་ཚད་མེད་པ་སྐྱེས་ཏེ་གཏོང་ལེན་གྱི་དམིགས་པ་མཛད་པས་དེ་ཉིད་ཀྱི་སྡུག་བསྔལ་རྣམས་རྗེ་ཉིད་ལ་སྨིན་པར་གནང་བ་ལ་བདག་གཅེས་འཛིན་གཏན་མེད་པར་དགའ་སྤྲོ་ཆེན་པོ་དང༌། ཀུན་རྫོབ་སེམས་བསྐྱེད་ཀྱི་སྒོ་ནས་བདག་འཛིན་འཇོམས་པའི་ཐབས་མཆོག་ཏུ་གྱུར་པ་འདི་ཁོ་ནར་འདུག་དགོངས་པ་བྱུང༌། ཡང་ལྷོ་རྩ་སྨན་ལུང་དུ་བླ་མ་ཆོས་གྲགས་པ་དང༌། བཟང་སྐྱོང་བ་དང༌། རྗེ་འདི་དང་བཅས་པ་བཞུགས་དུས་ཉིན་གཅིག་ཆུ་ནང་དུ་ཉ་མང་པོ་འདུག་པ་གཟིགས་པས་སྙིང་རྗེ་དཔག་ཏུ་མེད་པ་ཐུགས་ལ་འཁྲུངས། འདི་རྣམས་ཀྱི་དོན་དུ་མྱུར་དུ་སངས་རྒྱས་པ་ཞིག་བྱེད་དགོས་དགོངས་པའི་སྨོན་ལམ་ཁྱད་པར་ཅན་སྐྱེས། དེའི་ནུབ་མོ་བཟང་སྐྱོང་བ་དེ་གསལ་སྣང་ཅན་ཡིན་པས་ཁོང་གི་ཉམས་ལ་རྗེ་འདི་སྤྱན་རས་གཟིགས་ཕྱག་བཞི་པར་གྱུར་པ་ལ་ཐུགས་རྗེ་ཆེན་པོ་མང་པོས་ཕྱག་མཛད་པ་དང་འདུད་པའི་རྣམ་པ་མཐོང་ཞིང༌། དེ་ལྟར་ནང་དུ་བྱམས་པ་དང་ཐུགས་རྗེ་ཚད་མེད་པ་མངའ་བའི་མཐུས་བྱ་རི་དྭགས་ལ་སོགས་པ་རྣམས་བུས་མ་རྙེད་པ་ལྟར་བཏུད་ནས་ཆོས་ཉན་པ་དང༌། སྲིན་པོ་གདོང་དུ་བློ་སྦྱོང་གི་ཐུགས་དམ་མཛད་ཅིང་ཆ་ཐེར་གྱི་ནང་དུ་བཞུགས་ཙ་ན། མཚན་མོ་བྲག་ཞིག་སྟེ་ཐེར་འགྱེལ་ཞིང་མཐའ་སྐོར་ཐམས་ཅད་བྲག་གི་དུམ་བུས་ཁེངས་ཀྱང་སྐུ་ལ་གནོད་པར་མ་ནུས་པ་དང༌། ལས་དག་པའི་གདུལ་བྱ་འགའ་ཞིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དངོས་སུ་མཐོང་ཞིང༌། དངུལ་ཆུར་བློ་སྦྱོང་གསན་ནས་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཚེ་སྣང་བའི་དངོས་པོ་དངུལ་ཆུ་བཞིན་དུ་ཚུགས་མི་ཐུབ་