R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A): ༡༧
[A:༡༧]པར་རྣམ་པར་གཡོ་ཞིང༌། བརྩིག་པ་དང་རི་ལ་སོགས་པ་ལ་ཐོགས་མེད་དུ་འཇུག་ནུས་པའི་ཉམས་མྱོང་རྒྱུད་ལ་སྐྱེ་བར་མཛད་དེ། ཕ་རོལ་ཏུ་ཕྱིན་པ་ནས་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་པ་ཡིན་ནོ། །གསང་སྔགས་རྡོ་རྗེ་ཐེག་པ་ལའང་སྔགས་ཀྱི་སྒོར་ཞུགས་པར་མཛད་པ་ནས་བརྩམས་ཏེ། སྔགས་ཀྱི་ཀུན་སྤྱོད་དམ་ཚིག་ཆེན་པོ་བཞི་ལ་བསྲུང་བའི་དམ་ཚིག་རྩ་བ་དང་ཡན་ལག་གི་ལྟུང་བའི་ཉེས་པས་མ་གོས་ཤིང༌། བཟའ་བའི་དམ་ཚིག་དུས་ཁྱད་པར་ཅན་དང༌། རྒྱུན་དུ་བསྟེན་པའི་དམ་རྫས་ཀྱང་རྒྱུད་སྡེ་ནས་ཇི་སྐད་བཤད་པ་བཞིན་དང༌། མི་འབྲལ་བའི་དམ་ཚིག་རྣམས་ཀྱང་ཚུལ་བཞིན་དུ་བསྟེན་པར་མཛད་ཅིང༌། གཙོ་བོར་སྒྲུབ་པའི་དམ་ཚིག་བསྐྱེད་རྫོགས་གཉིས་ཀྱི་ཉམས་ལེན་རྣལ་འབྱོར་གྱི་ཡན་ལག་དང་བཅས་པས་ཉིན་མཚན་ཁོར་ཡུག་ཏུ་ཐུགས་དམ་གྱིས་དུས་འདའ་བར་མཛད་པས། རྒྱུད་སྡེ་རིན་པོ་ཆེ་ལས་གསུངས་པ་ལྟར་གྱི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཐམས་ཅད་བླ་མ་དམ་པ་འདི་ལ་མངའ་བས་གསང་སྔགས་རྡོ་རྗེ་ཐེག་པའི་སློབ་དཔོན་ཆེན་པོར་གྱུར་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་སྡོམ་པ་གསུམ་དང་འགལ་བའི་ཉེས་པ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་ཤིང༌། བྱམས་པ་དང་ཐུགས་རྗེས་རྒྱུད་བརླན་ལ། དད་པ་དང་སྒྲུབ་པའི་སྒོ་ནས་བླ་མ་རྣམས་མཉེས་པ་དང༌། གསང་སྔགས་ཀྱི་ཐབས་ལམ་ཟབ་མོ་ལ་ནན་ཏན་དུ་མཛད་དེ། ནང་དུ་རྟེན་འབྲེལ་ཐམས་ཅད་འགྲིགས་པར་མཛད་པས་བླ་མ་དང་ཡི་དམ་གྱི་ལྷའི་ཞལ་གཟིགས་པ་དང༌། ཆོས་ཐམས་ཅད་ལ་མངའ་བརྙེས་ཤིང་མངོན་པར་ཤེས་པ་སོགས་ལ་ཐོགས་པ་མི་མངའ་བ་ཡིན་