R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A): ༡༩
[A:༡༩]ཕྱུག་དང་ཡང་མཇལ་དུ་ཡོད་གསུང་པ་དང༌། གཞན་ཡང་མནལ་ལམ་དུའང་དག་པའི་སྣང་བ་འགའ་ཞིག་བྱུང་སྟེ་ཨེ་ཝཾ་ཆོས་ལྡན་དུ་བཞུགས་པའི་ནུབ་གཅིག་གླིང་སྐྱའི་རྒྱབ་རི་དེ་ནས་རྗེ་བཙུན་ག་ཡ་དྷ་རའི་བུམ་ཆུ་ཡིན་ཟེར་བ་ཆུ་ཆེན་པོ་སྐྱ་འཁྱིལ་བ་ཞིག་རྡོལ་བྱུང་བས་དེ་མ་ཐག་ཏུ་ཆོས་གོས་ཀྱིས་གཤོག་པ་མཛད་ནས་གླིང་སྐྱའི་བྲག་ལ་འཕུར་བ་རྨི་གསུང་བ་དང༌། ཡང་བདེ་མཆོག་གི་བསྙེན་པ་མཛད་པའི་ཚེ། རི་ངོས་ཆེན་པོ་གཅིག་བདེ་མཆོག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་གཅིག་གིས་ཁེབ་པར་མནལ་ལམ་དུ་བྱུང་བ་དང༌། ཡ་མ་ཏིང་གྲོལ་དུ་རི་ཁྲོད་མཛད་པའི་ཚེ། མནལ་ལམ་དུ་བུད་མེད་སྨུག་ཚོན་མ་ཞིག་གིས་སྟོན་པའི་གསེར་སྐུ་གཅིག་གཏད་ནས་ས་སྐྱ་པཎྜི་ཏའི་བསྟན་པ་འདི་ཉམས་འདུག་པས་ད་ཁྱེད་ཀྱིས་འབད་པ་ཆེན་པོ་གྱིས་ལ་སློངས་ཤིག་ཟེར་བ་དང༌། ཡང་ནུབ་གཅིག་བུད་མེད་མཁའ་འགྲོ་མའི་རྣམ་པ་ཅན་ཞིག་བྱུང་ནས། ད་ས་སྐྱ་པཎྜི་ཏའི་གྲྭ་པ་མང་པོ་མེད། གང་ཡོད་པ་རྣམས་ཀྱི་མགོ་འདོན་ཁྱེད་ཀྱིས་བྱེད་དགོས་ཟེར་བ་རྨི་གསུང༌། ཡང་ཐེངས་ཅིག་གྲུབ་ཆེན་བྲག་ཕུག་པའི་ཡིན་ཟེར་སྤོས་རེང་འཇོག་པའི་སྒམ་སྣུམ་ཡ་ལེ་བ་ཞིག་དང༌། མེ་ཏོག་ཕོན་མང་པོ་ལ་གཞན་ལས་ཆེ་བ་འགའ་ཞིག་དང་བཅས་པ་རྨིས་ཏེ། མེ་ཏོག་རྣམས་གྲྭ་པའི་ཚོགས་དང༌། དེ་ལས་ཆེ་བ་རྣམས་ཀྱིས་ཆོས་གསན་པ་ལ་བལྟ་བ་འདྲ་གསུང༌། ཡང་རེ་ཞིག་གི་ཚེ་གླིང་སྐྱའི་ཟུར་ལ་ཡར་མི་བདུན་ཁུར་ནས་བྱོན། རི་མགོར་ཕེབ་བ་དང་ངལ་ཞིག་བསོས་པ་རྨིས་ཏེ། རྗེ་བཙུན་ཆེན་པོ་ནས་མི་བདུན་སྲིད་པའི་ཆུ་བོ་ལས་བསྒྲལ་བ་དང་འདྲ་བར་འདུག་གསུངས། ཡང་ནུབ་གཅིག་གླིང་སྐྱ་དང་བླ་མིག་གི་བར་དུ་སྲིད་པ་གསུམ་གྱི་ཆུ་བོ་ཡིན་