R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A): ༢༠
[A:༢༠]ཟེར་བའི་ཆུ་ནག་ལྟོང་པ་གསུམ་འབབས་པ་ལ་འཕུར་ནས་བྱོན་པ་རྨི་གསུང༌། ཡང་རྫི་ལུང་དུ་ཐུགས་དམ་ལ་བཞུགས་དུས་ཤིག་མནལ་ལམ་དུ་ཆོས་དར་དགོན་པའི་སྟེང་ཕྱོགས་ཀྱི་ནམ་མཁའ་བདེ་བ་ཅན་གྱི་ཞིང་བཀོད་གསལ་བར་གཟིགས་ཤིང༌། སྒྲ་སྣང་ལ་ད་ནས་ལོ་འདི་ཙམ་ན་ཁྱེད་འདི་རུ་འབྱོན་ནོ་ཞེས་གྲག །སྔར་བླ་མ་ནམ་ཆོས་པ་ཟེར་བ་ཞིག་བཟང་སྤྱོད་སྨོན་ལམ་འདི་ལེགས་པར་ཁ་འདོན་དུ་བྱས་ན། བདེ་བ་ཅན་དུ་སྐྱེ་ངེས་གསུང་གིན་ཐུགས་དམ་དུ་མཛད་པ་ཞིག་ཡོད་པའང་དེ་ན་ཕེབ་འདུག་པ་གཟིགས་གསུང༌། ཡང་རེས་ཤིག་མནལ་ལམ་དུ་ཆོས་ཁྲི་མང་པོ་འདུག་པ་ལ་སུའི་ཡིན་དྲིས་པས། ས་སྐྱ་པ་ཡབ་སྲས་ཁུ་དབོན་རྣམས་ཀྱི་ཡིན་ཟེར། དེ་རྣམས་ཀྱི་ཞབས་ནས་ཆོས་ཁྲི་ཆེ་བ་ཞིག་འདུག་པ་དྲིས་པས། ཁྱེད་ཀྱི་ཡིན་ཟེར་བ་རྨི། ཡང་མནལ་ལམ་དུ་རྗེ་བཙུན་ངོར་པ་ཆེན་པོས་མཆོད་རྟེན་གྱི་རྣམ་པ་ལྟ་བུ་ཁྲ་ཡལ་བ་ཞིག་གཏད་ནས་འདི་ན་བཟའ་བྲག་ཕུག་པའི་ཡིན། ཁྱེད་གཞན་དོན་རྒྱུན་རིང་བའི་རྟེན་འབྲེལ་བྱེད་པ་ཡིན་གསུང་བ་རྨི་གསུང༌། ཡང་རྗེ་ངོར་ཆེན་གཞན་དོན་ལ་འབྱོན་ཁར་བསམ་གཏན་ཕུག་ཏུ་སྐུ་མཚམས་དམ་པོ་བཅད་ནས་བླ་མའི་རྣལ་འབྱོར་ལ་ཐུགས་དམ་གཙོ་བོར་མཛད་པའི་ཚེ། མནལ་ལམ་དུ་རྗེ་ངོར་པ་རི་ཐང་མཚམས་ཤིག་ན་གྲྭ་པ་མང་པོ་ལ་ཆོས་གསུང་གིན་འདུག་པས། རི་དེ་ཉེར་ནས་རྫི་དེང་པ་ཞིག་བྱུང་བ་ཅི་འདྲ་བྱུང་ངམ་དགོངས་ཐུགས་ཤིན་ཏུ་འཚབས་ནས་གཟིགས་པས་སྔར་གྱི་དེ་རྣམས་མི་སྣང་བར་རྗེ་ངོར་པ་ཀྱེ་རྡོར་མཚོ་སྐྱེས་ལུགས་ཀྱི་རྣམ་པར་གྱུར་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པ་གཟིགས་ཤིང༌། རྗེ་རང་རི་མཐོན་པོ་ཞིག་གི་སྟེང་ཤིན་ཏུ་བདེ་ཞིང་ཡངས་པར་ཉི་མ་དྲོན་པོ་དང་